འགྲོ་བའི་གོད་ཆག་འདི་འདྲའི་སྐྱོ་བ་ལ།།
ཁྱིམ་གཞིས་དྲོན་མོ་འཇབ་རྒོལ་གཅིག་གིས་གཏོར།།
ལྷིང་འཇགས་འཚོ་བ་ངམ་ནག་འཇིག་པས་བཅོམ།།
གླུ་སྐད་སྙན་མོ་ངུ་ངག་ཀློང་དུ་ཐིམ།།
སྐྱོ་གདུང་མུན་པས་ས་གཞི་ཡོངས་སུ་བསྒྲིབས།།
སྐྱབས་གནས་དམ་པ་དཀོན་མཆོག་གསུམ་པོ་མཁྱེན།།
འགྲོ་བའི་གོད་ཆག་འདི་འདྲའི་སྐྱོ་བ་ལ།།
ཨ་ཕའི་བྱམས་བརྩེ་རྒྱང་རིང་ཞིག་ཏུ་ཆས།།
ཨ་མའི་ནུ་ཞོ་འཁྱགས་རླུང་བཙན་པོས་བསྡམས།།
སྤུན་དང་སྲིང་མོ་ས་རྡོ་འོག་ཏུ་མནན།།
དྭ་ཕྲུག་ཆུང་ཆུང་ཞིག་རོ་ཁྲོད་དུ་ལུས།།
སྐྱབས་གནས་དམ་པ་དཀོན་མཆོག་གསུམ་པོ་མཁྱེན།།
འགྲོ་བའི་གོད་ཆག་འདི་འདྲའི་སྐྱོ་བ་ལ།།
ཤེས་རིག་ལྡིང་ཁང་རྨང་ནས་ས་ལ་སྒྱེལ།།
ཀ་ཁའི་དབྱངས་རྟ་གློ་བུར་རྒྱང་དུ་བསྐྲད།།
དཔེ་ཁུག་ཆུང་ཆུང་རྩིག་ལེབ་འོག་ཏུ་བཙིར།།
དགེ་སློབ་ལག་རྡང་མི་འདོད་ལས་ཀྱིས་གཏོར།།
སྐྱབས་གནས་དམ་པ་དཀོན་མཆོག་གསུམ་པོ་མཁྱེན།།
འགྲོ་བའི་གོད་ཆག་འདི་འདྲའི་སྐྱོ་བ་ལ།།
ཡོད་ཚད་ཟས་ནོར་སྐད་ཅིག་རྡུལ་དང་འདྲེས།།
དཀྲིས་ལྟོགས་མུག་གེས་ལུས་ཕུང་ཀུན་ནས་བཅོམ།།
ཡན་ལག་ཤོར་བའི་ན་ཟུག་བཟོད་དུ་མེད།།
རེ་ཆད་མྱང་ངན་འོ་དོད་དབྱིངས་སུ་འབོད།།
སྐྱབས་གནས་དམ་པ་དཀོན་མཆོག་གསུམ་པོ་མཁྱེན།།
འགྲོ་བའི་གོད་ཆག་འདི་འདྲའི་སྐྱོ་བ་ལ།།
འདས་པོའི་རྣམ་ཤེས་ནང་མི་གཉེན་ལ་ཆགས།།
ཤུལ་ལུས་སྤུན་ཟླ་ངུ་འབོད་དབྱངས་ལ་གནས།།
འཆི་གསོན་འཕྲང་ལ་སྡུག་བསྔལ་རྒྱ་མཚོ་འཁྱིལ།།
འཇིག་རྟེན་འཁོར་བའི་ཆོས་ལ་ཡིད་རེ་ཆད།།
སྐྱབས་གནས་དམ་པ་དཀོན་མཆོག་གསུམ་པོ་མཁྱེན།།
འགྲོ་བའི་གོད་ཆག་འདི་འདྲའི་སྐྱོ་བ་ལ།།
རྒྱང་རིང་གྲུ་ཁ་ཟུར་ནས་ལྡོམ་པོ་ང༌།།
གདོང་གི་མིག་ཆུས་བྲང་ཤ་བརླན་པར་བྱས།།
སེམས་ཀྱི་གདུང་བས་ཟས་ཀྱི་དང་ག་འཕྲོག།
ལུས་ཀྱི་མྱང་ངན་མགོ་བོ་རབ་ཏུ་ལྕི།།
སྐྱབས་གནས་དམ་པ་དཀོན་མཆོག་གསུམ་པོ་མཁྱེན།།
འགྲོ་བའི་གོད་ཆག་འདི་འདྲའི་སྐྱོ་བ་ལ།།
ཨ་ཁྲོ་ཨ་བོ་དགའ་སྐྱིད་ཀྱིས་སྤྱི་ལོ་༢༠༡༠ ཟླ་༥ ཚེས་ ༧ཉིན་དྷ་ས་ནས་བྲིས།།