སེམས་ཁོང་གི་དཔའ་བོ། ནམ་ཡང་བརྗེད་དུ་མེད།
ཕ་ས་མྱ་བའི་ཞིང་ཁམས་བསྒྱུར་བ་ནས།།
སྤུན་ཟླའི་ཚེ་སྲོག་མང་པོ་གཤིན་རྗེའི་སར།།
གཅིག་རྗེས་གཉིས་མཐུད་གཤེཊ་པ་ཕམ་སེམས་ཀྱི།།
ལན་དགུ་མིག་ཆུ་འཁུར་ཚོར་ངོས་ནས་འཛག།།
གཅེས་པའི་རང་སྲོག་ཙམ་ལ་མ་འཛེམས་པར།།
སྐུ་ཕུང་མེ་ལ་བསྲེགས་ནས་བདེན་དོན་བཙལ།།
དཔའ་བོའི་སྙིང་སྟོབས་དགུང་དུ་འཕྱོ་བ་ཡི།།
ཀི་རྟིའི་དཔའ་བོ་ཕུན་ཚོགས་སྙིང་ནས་དྲན།།
སྐུ་ཉིད་གཞོན་པའི་ལང་ཚོ་མ་རྫོགས་གོང།།
ལྔ་པའི་དུར་སར་བཞུད་པ་སེམས་རེ་ཕམ།།
ཁྱེད་ཉིད་གཤེགས་པའི་རྗེས་འཇུག་སྤུན་ཟླ་ཚོའི།།
དྲན་ཐེངས་རེ་རེའི་འཁུར་ཚོས་མིག་ཆུ་བརླན།།
འཇིགས་རུང་གློག་གི་མཚོན་ཆ་ལྕི་མོ་ལས།།
དཔའ་བོའི་སྙིང་ཁྲག་དྲོན་མོ་ཕྱི་རུ་འཕྱུར།།
ཕུང་པོ་བང་སོ་རི་རབ་བརྩིག་བའི་དུས།།
སེམས་ནས་བརྗེད་ཐབས་མེད་པའི་སྐྱོ་གར་ཅིག།།
མི་རིགས་དཔའ་བོའི་མཚན་སྙན་དགུང་དུ་བསྙེགས།།
འཛམ་གླིང་འཛིན་མའི་ཁྱོན་ལ་ཡོངས་ཁྱབ་པའི།།
སྐུ་ཕུང་མེ་ལ་སྒྲོན་པའི་དཔའ་བོ་ཁྱེད།།
དུས་རྒྱུན་ཡིད་ལ་དྲན་པའི་རྡོ་རིང་ཞིག།
མཆོག་གསུམ་བླ་མ་རྩ་རྒྱུད་བསྟན་སྲུང་ཚོགས།།
མགོ་ནག་བོད་མི་སྡུག་བསྔལ་ལ་གཟིགས་ནས།།
མི་རིགས་བདེན་དོན་ཆེད་དུ་སྐུ་གཤེགས་པའི།།
རྒྱལ་ཆེན་དཔའ་བོ་རྣམས་པར་ཐུགས་སྨོན་མཛོད།། ༢༠༡༡།༤།༢༠ལ་སུག་བྲིས་བགྱིས།