འཁྲབ་སྟངས་འདིས་གཉིད་ལས་སློང་སོང་།

དཀར་ངོགས་འོད་ལ་འཁྲེང་བའི་གླེན་རྟགས་དང་།།

འཇིག་རྟེན་མུན་པར་བལྟས་པའི་ལྟ་སྤྲོད་འདིས།།

ལྷོད་ལྷོད་འཛུམ་གྱིས་ཁེངས་པའི་གནས་མཆོག་འདིར།།

ངོ་སྲུང་བང་ཁ་འགྲིམས་པའི་འཁྲབ་ཚན་མང་།།


མཐོ་པོའི་གནམ་ལ་ལག་པས་ཀེར་བྱས་ཏེ།།

དམའ་པོར་རྡོག་པས་གནོན་པའི་གཤིས་ལུགས་འདིར།།

ལྷོད་ལྷོད་འཇིག་རྟེན་འགྲེམས་པའི་དཀར་ངོགས་སུ།།

ནམ་ཡང་དཔའ་རྟགས་བགྲངས་པའི་ལོ་རྒྱུས་མེད།།


ཡོད་ཚད་རིན་གོང་རང་གི་རྒྱབ་བྱས་ཏེ།།

རང་མཐོ་གཞན་གནོན་ལས་ཀྱི་ཚོང་ར་རུ།།

རང་ཉིད་ལྷ་རུ་བལྟས་པའི་གོམས་གཤིས་འདིས།།

ལྷིང་འཇགས་ཁོར་ཡུག་འདིར་ཡང་འུར་ཟིང་སློང་།།


རང་གིས་རང་ཉིད་བཏེགས་པའི་ཁྲིམས་ལུགས་མཁས།།

རང་བསྟོད་གཞན་ལས་འཚོལ་བའི་ཐབས་བྱུས་མཁས།།

རང་ཉིད་གནམ་ཁར་འཕུར་བའི་འཁྲབ་ཚན་གྱིས།།

རང་གཞན་ལྷོད་ལ་བབ་པའི་བསམ་གཏན་དཀྲོགས།།


ད་དུང་འཁྲབ་དང་ལྟད་མོ་སྣ་ཚོགས་གདའ།།

ད་ནས་འཕུར་དང་གཤོག་རྩལ་ངས་ཀྱང་མཐོང་།།

རང་བསྟོད་འཚོལ་དང་རིན་གོང་ངས་ཀྱང་ཤེས།།

རང་མགོ་གནམ་ལ་བཏེགས་པའི་ལས་རྩོམས་ཤིག།


ཡོད་ཚད་གནམ་ལ་བཏེགས་ཏེ་ངོམས་ཤིག་དང་།།

ཐུབ་ཚད་རང་ལ་རིན་གོང་རྒྱོབས་ཤིག་དང་།།

ངོ་སོ་ཟློས་གར་འདི་ཀོ་འཁྲབ་ཤོག་དང་།།

ངས་ཀྱང་ལྟད་མོ་མིག་གིས་སྒུག་བཞིན་ཡོད།།

ཕྱི་ལོ་༢༠༡༡ ༤ ༢༠ ཉིན་དགོངས་མོ་རང་ཤག་ཏུ་རང་གི་ཉེ་གནས་ཤིག་གིས་བྱེད་སྟངས་སྣ་ཚོགས་མཐོང་བས་གློ་བུར་བྲིས།