སྙིང་གི་རྨ་ཁ།

མ་ཧྭ་ཙི་ནའི་དམར་བཙོན་དུ་བགྲང་བྱ་དུ་མ་ཁེར་རྐྱང་དུ་ལུས།

རིགས་ཀྱི་ལ་རྒྱའི་གཡུ་རལ་གསིགས།

རྒྱལ་ཞེན་གྱི་སྡེར་ཁ་དྲག་ཏུ་བགྲད་པའི་སེང་དཀར་ཞིག་ལྟར།

མི་ཞུམ་པའི་སྙིང་སྟོབས་ཀྱི་གོས་ཆར་བརྟེན་ཏེ་སེང་དར་ལ་རམ་འདེགས་མཛད་པ་ནི།

ཅི་འདྲའི་གཟི་བརྗིད་འོད་སྟོང་འབར་བ་ཞིག་མིན་ནམ།

འོན་ཀྱང་།

དབྱར་གསུམ་སྨག་རུམ་གྱི་གློག་འགྱུར་ལན་ཟློས་བྱས།

དགུན་གསུམ་ཁ་བའི་ཞབས་རྗེས་དང་ལྷན་དུ་བཞུད།

དྲུག་ཟུང་བཅུ་གཉིས་ཀྱི་སྐྱ་རེངས་རྗེས་སུ་གཤེགས།

སྤྲིན་འབྱུང་ཆར་རྗེས་ཀྱི་འཇའ་ལྟར་ཡལ་བ་ནི།

དར་དམར་གཡོ་ཤུགས་ཀྱིས་གཙེས་པ་ཞིག་ལོས་ཡིན།

པཎ་ཆེན་ལགས། རིན་པོ་ཆེ།

ཁྱེད་མཛད་རྗེས་གཟུགས་སུ་བདོག་ན།

ལྷ་ཡི་རྫིང་རིང་ལས་མཐའ་ཡས་ཤིང་།

རིན་ཆེན་འབྱུང་གནས་ལས་གཏིང་ཟབ།

གཉའ་ཤིང་འཛིན་ལས་གཏོས་ཆེ།

རྒྱུ་སྐར་ལས་གྲངས་མང་བ་ཞིག་ཡིན་སྲིད།

དེ་དག་ནི་ཆབ་འབངས་སུ་གཏོགས་པའི་གདོང་དམར་བས།

ཆེས་གཟོ་དཀའི་དྲིན་པོ་ཆེ་འབའ་ཞིག་ཡིན།

པཎ་ཆེན་ལགས། རིན་པོ་ཆེ།

མི་འཇིགས་སྙིང་སྟོབས་ཀྱི་གོས་ཁྲབ་བགོས་ཏེ།

སླར་ཡང་བཅུ་བཞི་པའི་ཕྱག་རོགས་སམ།

བྷོ་ཊ་བའི་སྐྱོ་རོགས་སུ་རྒྱལ་སྲས་ཐུ་བོའི་ཚུལ་དུ་ལྷགས།

འོན་ཏང་སྒྲ་གཅན་གྱི་ཁར་ལྷུང་བའི་ཉི་ཟླ་བཞིན།

དར་དམར་འོབས་རླབས་འོག་གློག་བུར་དུ་བསྒྲིབས་པ་ནི།

གཉིས་སུ་གྱེས་པའི་བོད་མིར་མཚོན་ན།

ཆེས་ཕངས་པའི་སྐྱོ་གནས་ཤིག་དང་།

གསར་དུ་བཟོས་པའི་སྙིང་གི་རྨ་ཁ་ཞིག་ཀྱང་ངོ།།

པཎ་ཆེན་ལགས། རིན་པོ་ཆེ།

སྦྲང་ཆར་སིལ་མ་དུས་སུ་སྦྱིན་པའི་ཆུ་ཁུར་དེ་མེད་ན།

གངས་ཕྲུག་གི་མྱུག་ཁ་ཇི་ལྟར་འབུས།

དྲོ་འཇམ་འོད་ཆགས་ཀུན་ཏུ་སྤྲོས་པའི་མཁའ་འགྲོ་དེ་མེད་ན།

ལུང་ཚོི་ཡི་མེ་ཏོག་གང་འདྲར་འབྱེད།

ད་དུང་ཞུ་རྒྱུ་མང་།༌༌༌༌༌༌༌༌༌༌༌༌༌༌༌༌རབ་ཏུ་མང་ངོ།།

རབ་བྱུང་རི་ཟླའི་ཆུ་ལུག་ལོའི་སྟོན་ཟླ་ཐ་ཆུང་ཁྱིའི་དམར་ཕྱོགས་རྫོགས་པ་གསུམ་པའི་ཉི་ཤར་འབྲུག་ཕྱི་ལོ་༢༠༠༣ཟླ་༠༩ཚེས་༢༦ཉིན་ས་ར་ལ་དགེ་རྒན་འོས་སྦྱོང་བྱེད་སྐབས་བྲིས་ཏེ་སློབ་གྲྭའི་སྦྱར་པང་དུ་སྦྱར་འགྲེམ་བྱས་པས་སློབ་མ་ཚོས་དགའ་བསུ་ཐོབ་པ་ཞིག་གོ།།