བོད་མི་རབས་གསར་པར། ཞེད་སྣང་གི་ལེའུ་གསར་པ།
ཅ་ཅོ་ངག་གི་གླུ་དབྱངས་ལེན་ཚད་དྲུག་འགྱུར་སྙན་རབས་གླེང་བཞག་ན།།
ཆ་ལུགས་གདོང་གིས་རྣམ་འགྱུར་སྟོན་ཚད་མཛེས་མ་ཡིན་རབས་བསྒྲག་བཞག་ན།།
ཇ་ཁུ་ནག་པོའི་ཁུ་བ་འདི་ཡང་ཨག་དྲི་བྲོ་རབས་བཤད་བཞག་ན།།
ཉ་ཀྱུ་ལྟ་བའི་སོ་ཁ་འདི་དག་བདག་གིས་མཐོང་དུས་ཞེད་སྣང་སྐྱེས།།
ཏྭ་ལའི་བླ་མ་མིན་ཚད་ཐམས་ཅད་སངས་རྒྱས་མིན་རབས་གླེང་བཞག་ན།།
ཐ་གྲུར་འགྲིམས་པའི་བོད་མི་འདི་དག་སེམས་ཤུགས་མེད་རབས་བསྒྲག་བཞག་ན།།
ད་ནས་བཟུང་སྟེ་བོད་དོན་འདི་ཡང་བསྐྱུར་རྒྱུ་ཡིན་རབས་བཤད་བཞག་ན།།
ན་ནིང་ལོ་ཡི་དཀའ་སྡུག་ཐམས་ཅད་སེམས་སུ་རུམ་དུས་ཞེད་སྣང་སྐྱེས།།
པ་ཕ་བཟང་པོའི་ཁ་ཆེམ་དེ་ཚོ་སེམས་ནས་བརྗེད་རབས་གླེེང་བཞག་ན།།
ཕ་ཤུལ་བུ་ཡིས་རྒྱུད་འཛིན་ཐད་ལ་ཇུས་གཏོགས་མེད་རབས་བསྒྲག་བཞག་ན།།
བ་ཀུ་ལ་ཡི་མེ་ཏོག་འདི་ཡང་དྲི་ངལ་ཐུལ་རབས་བཤད་བཞག་ན།།
མ་མ་འབུམ་གྱིི་མི་ཚེ་སྟོང་བའི་འཁོར་བའི་མི་ལ་ཞེད་སྣང་སྐྱེས།།
ཙ་གེ་ཙིག་གེའི་བྱ་བ་འདི་དག་སྙིང་པོ་ཡོད་རབས་གླེང་བཞག་ན།།
ཚ་བའི་ལུང་གི་མི་རིགས་འདི་ལ་ཞེན་པ་ལོག་རབས་བསྒྲག་བཞག་ན།།
ཛ་དྲག་ཆེ་བའི་དུས་སྐབས་འདི་རུ་ཁ་ཕོ་རྐྱང་རྐྱང་བཤད་བཞག་ན།།
ལྦ་ཞྭ་ཅན་གྱི་མི་རིགས་འདི་རུ་སྙིང་ཁུང་སྟེང་ནས་ཞེད་སྣང་སྐྱེས།།
ཞྭ་སེར་ཅན་གྱི་མི་བུ་ཐམས་ཅད་དགེ་ལུགས་ཡིན་ཚུལ་གླེང་བཞག་ན།།
ཟ་འདོད་ཅན་གྱི་སེམས་ཅན་འདི་དག་ཟ་འདྲེ་ཡིན་ཚུལ་བསྒྲག་བཞག་ན།།
འུག་པའི་སྐད་སྒྲ་མཚན་མོར་ཐོས་དུས་དུས་ཚིགས་ངན་རབས་བཤད་བཞག་ན།།
ཡ་མཚན་ཆེ་བའི་མི་རིགས་འདི་ལ་སེམས་ཀྱི་སྟེང་ནས་ཞེད་སྣང་སྐྱེས།།
རྭ་དམར་ཅན་གྱི་རྒྱ་ནག་མི་ལ་སྙིང་རྗེ་ཡོད་ཚུལ་གླེང་བཞག་ན།།
ལ་གཏམ་ལུང་གཏམ་ཚིག་འཆལ་འདིི་ཚོ་བདེན་གཏམ་ཡིན་ཚུལ་བསྒྲག་བཞག་ན།།
ཤ་ཀོན་ལེན་རྒྱུའི་དུས་ཚིགས་དམར་པོ་འགྱོགས་པོ་ཡིན་ཚུལ་བཤད་བཞག་ན།།
ས་ཡ་དྲུག་གི་ལས་དབང་འདི་ལ་སྙིང་ཁུང་སྟེང་ནས་སྐྱོ་གར་འབུས།།
ཧ་ཧ་གཏམ་གྱིས་མི་ཡུལ་ལུང་ལ་དགོད་སྒྲ་དམར་པོའི་ཁེངས་བཞག་ན།།
ཨ་རིར་བསླེབ་པའི་ཀུན་སློང་མ་གཏོགས་ཨ་མ་སེམས་ནས་བརྗེད་བཞག་ན།།
ཧ་ཅང་ཐལ་བའི་བྱ་ངན་འདི་དག་སྤང་བླངས་ལོག་འགྲེལ་བྱེད་བཞག་ན།།
ཨ་རོག་བོད་མའི་བརྩེ་སེམས་དྭངས་མ་ནམ་མཁའི་ཐོག་གི་མཇའ་ལྟར་ཡལ།།
ཞེད་སྣང་གི་ལེའུ་ནས་འཕོས་པའི་ཀ་རྩོམ་འདི་ནི་༢༠༡༡་་༤་་༢༢་་ཉིན་
འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་ནང་དུ་གྲྭ་ཚང་གི་
ཞབས་རིམ་བསྒྲུབས་ཞོར་དུ་ཐོལ་བྱུང་ཚོགས་གདན་གྱི་ཐོག་ནས་སེམས་
ཚོར་ཞིག་གིས་རྐྱེན་བྱས་ཏེ་འབྲི་དགོས་འཁེལ་སོང་བས་སྐྱོན་ཡོན་
གང་ཞིག་མཆིས་ཚེ་དགོངས་འཆར་ལྷུག་པོ་གནང་རོགས་ཞེས་མི་བུ་ཀུན་
གྱི་གྲལ་མཐའི་ཁོངས་སུ་གཏོགས་པ་མཐའ་ན་བྱིས་པ་དག་ཡིག་ཙམ་ལ་བྲོ་
བ་མྱོང་མེད་པ་མ་ཟད་གསལ་བྱེད་སུམ་ཅུའི་ཡིག་ངོ་ཤེས་ཙམ་ཡིན་པའི་
མི་བུ་ཐ་ཤལ་བའམ་ལི་ཐང་སྨྱོན་པ་མིང་ཅན་འདིས་བྲིས་པ་དགེ་ལེགས་
འཕེལ།། །།
