སེམས་རེ་སྐྱོ།
དྲག་ཆས་དམག་གི་ས་གཞི་མཐའ་ནས་བསྐོར།། མེ་མདའ་མེ་སྒྱོགས་གློག་ལྕགས་རྣོན་པོས་བཙུར།། མི་སྤྱོད་ལས་འདས་སྡུག་སྦྱོང་མནར་གཅོད་ཀྱི།། གནས་སྟངས་ཛ་དྲག་བསམ་ཚེ་སེམས་རེ་སྐྱོ།། རྩ་དོན་ཆེད་དུ་རང་སྲོག་དོར་ཕོད་པའི།། དཔའ་རྒོད་ངར་མ་ཁྱེད་ལ་སྨོན་པ་ཤོར།། སྤུན་ཟླའི་ཚེ་སྲོག་མེ་མདའ་སོ་ཁར་ན།། གནས་སྟངས་ཛ་དྲག་བསམ་ཚེ་སེམས་རེ་སྐྱོ།། ཆོས་ཀྱི་བཤད་གྲྭ་དམག་གི་མཐའ་ནས་བསྐོར།། རབ་བྱུང་དགེ་འདུན་རྣམས་པ་ལྟོགས་སྐོམ་བཞག།། ཞི་བའི་མི་སེར་རྣམས་པ་གཅར་རྡུང་བྱེད།། གནས་སྟངས་ཛ་དྲག་བསམ་ཚེ་སེམས་རེ་སྐྱོ།། བཙན་པོའི་དབང་ཡོད་གྲྭ་པ་སུམ་བརྒྱ་ཙམ།། ག་སོང་ཆ་མེད་རྒྱུས་མེད་ངང་དུ་འཁྲིད།། ད་ལྟ་འཆི་གསོན་ཡོད་མེད་མ་ཤེས་པའི།། གནས་སྟངས་ཛ་དྲག་བསམ་ཚེ་སེམས་རེ་སྐྱོ།། བདེན་པའི་གནས་ལུགས་བཤད་ས་མེད་དང་གཅིག།། རང་དབང་ཐོབ་ཐང་ལོངས་སྤྱོད་མེད་དང་གཉིས།། བདེ་སྡུག་ཞུ་ས་མེད་པའི་བཙོན་འོག་གི། གནས་སྟངས་ཛ་དྲག་བསམ་ཚེ་སེམས་རེ་སྐྱོ།། ད་ལྟའི་གནས་སྟངས་ཛ་དྲག་ཡ་ང་འདི།། མྱུར་མོ་ཞི་པའི་རེ་འབོད་རྩེ་གཅིག་བྱེད།། འཛམ་གླིང་ཞི་བདེ་དགའ་བའི་མི་སྣ་ཚོ།། འཕྲལ་དུ་རོགས་སྐྱོབ་རོགས་རམ་གནང་རོགས་གནོངས།། ༢༠༡༡།༤།༢༧ཉིན་དྲྭ་ཐོག་གནས་ཚུལ་མང་པོ་མཐོང་བའི་སྐབས་སུ་སེམས་འཚབ་ཀྱི་ངང་ནས་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་བྲིས།
