གངས་རིའི་གཟི་བརྗིད།

 

ཡེ་ཤེས་སྤྱན་ལྡན་༸གོང་ས་སྐྱབས་མགོན་གྱི།།

དམངས་གཙོའི་ལམ་བཟང་སྲོལ་གཏོད་གཙུཊ་པ་ནས།།

གངས་ཅན་བོད་མིའི་སྐུ་ཚབ་སྤྱི་མཐུས་དང།།

བཀའ་ཁྲི་ལ་སོགས་འོས་བསྡུ་ལམ་ནས་དྲངས།།

འཛམ་གླིང་སྤྱི་དང་གོམས་བགྲོད་མཉམ་འགྲོགས་ཀྱི།།

དམངས་གཙོའི་སྲིད་གཞུང་མང་ཚོའི་ལམ་ཁ་ནས།།

མི་རྗེ་བཀའ་ཁྲིའི་འོས་བསྡུའི་འགྲན་རྩོད་ནས།།

མཆོག་ཉིད་དངོས་གཞི་རྒྱལ་ཁ་ཐོབ་འདི་བཟང།།

བོད་པ་མྱི་རྣམས་གཉིད་ལས་སངས་པའམ།།

གཞོན་ནུའི་བློ་གྲོས་འཕེལ་ཁ་རྫོགས་པ་ཅི།།

གང་ལྟར་རྙིང་ཞེན་ལྟ་བ་མ་འཛིན་པར།།

ཤེས་འཇོན་མི་ཞིག་གདམ་སྒྲུག་བྱེད་པ་བཟང།།

བླ་ཆེན་དཔོན་རྒྱུད་རིགས་རྒྱུད་མ་རྟོགས་པར།།

རྒྱུ་དང་གཡོ་སྒྱུའི་བསླུ་ཁྲིད་མ་བྱེད་ནས།།

དམངས་གཙོའི་འཕེལ་རིམ་ཅིག་གི་གར་སྟེགས་ན།།

བརྒྱ་ཆ་ང་ལྔའི་རྒྱལ་ཁ་ཐོབ་འདི་དགའ།།

མཁས་པའི་གཟི་བརྗིད་སྟོན་པའི་གར་སྟེགས་ནས།།

ཕ་པ་དམ་པའི་ཞལ་ཆེམས་སླད་མེད་སྒྲུབས།།

གཞོན་སྐྱེས་མཁས་དབང་ཁྱེད་ཀྱི་ཐུགས་དགོངས་རྣམས།།

གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།།

ཕྱི་ལོ་༢༠༡༡་༤་༢༧ཉིན་འོས་བསྡུའི་ལས་ཁང་གི་བཀའ་ཁྲིའི་འོས་བསྡུའི་གསར་བསྒྲགས་མཐོང་སྐབས་བྲིས་པའོ།