རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ཀྱི་རྒོལ་ལུགས།

ས་ཡ་དྲུག་གི་ལས་དབང་སེམས་སུ་རུམ་དུས།།
སྐྱིད་སྡུག་མཉམ་མྱོང་ཞིག་ལ་ཕུགས་བསམ་བཅོལ་དུས།།
རང་གི་རིགས་ལ་ཞེན་པ་དཀར་པོ་འཆང་དུས།།
ཁྱེད་ཀྱི་དཔའ་སྩལ་སུས་ཀྱང་འགྲན་ནུས་མ་སོང་།།
གཏམ་རྒྱུད་ནག་པོ་ཕྱིར་དྲན་ཐེངས་ཤིག་བྱས་དུས།

ཕ་གྱོད་རྙིང་པར་སྤྱན་ཞགས་ཐེངས་ཤིག་འཕེན་དུས།།
རྒོལ་ལུགས་སྲོལ་དང་མཐུན་པའི་རྒོལ་སྟངས་འདིས་ཀྱང་།།
ཁྱེད་ཀྱི་དཔའ་སྩལ་སུས་ཀྱང་འགྲན་ནུས་མ་སོང་།།
རང་རིགས་མི་ལ་བཀུར་བའི་དད་འདུན་ཕྲ་མོ།།
ལྷད་མེད་དྭངས་གཙང་སེམས་འདི་ཐུགས་སུ་འཁྲུང་དུས།།
རང་སྲོལ་མཆོད་མེ་འབུལ་པའི་རྒོལ་ལུགས་འདིས་ཀྱང་།།
ཁྱེད་ཀྱི་དཔའ་སྩལ་སུས་ཀྱང་འགྲན་ནུས་མ་སོང་།།
རང་རིགས་དོན་དུ་རྒོལ་སྟངས་གྲངས་ལས་འདས་ཀྱང་།།
རང་ལུས་མེ་རུ་བསྲེག་པའི་རྒོལ་སྟངས་རྫིག་པོ།།
དེའི་ཕྱིར་ལ་རྒྱའི་དབང་གི་མཆོང་སྟངས་འདིས་ཀྱང་།།
ཁྱེད་ཀྱི་དཔའ་སྩལ་སུས་ཀྱང་འགྲན་ནུས་མ་སོང་།།
སྙན་ཚིག་བུང་བའི་གཤོག་སྒྲོ་ལྡེམ་མྱུར་ཞིག་གིས།།
ཁྱེད་རང་དྲན་པའི་གདུང་བ་སེལ་བའི་ཕྱིར་དུ།།
དབང་མེད་སྨྱུ་གུས་གར་སྟོབས་བསྒྱུར་སྟངས་འདིས་ཀྱང་།།
སྐྱིད་སྡུག་མཉམ་མྱོང་ཞིག་གི་མཚོན་དོན་ཡིན་ནོ།།
༢༠༡༡་་༥་་༤་་ཡི་དགུང་མོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཉིན་ཞག་ཞེས་དགུ་འཁོར་བའི་དུས་སྐབས་དང་བསྟུན་ནས་སྨོན་ལམ་གསུང་དུས་ཐོལ་བྱུང་དུ་ཚོགས་ཐོག་ན་གདུང་བ་དྲག་པོ་ཞིག་སྐྱེས་ནས་མྱ་ངན་ཞིག་གི་ཚབ་ཏུ་བྲིས།།