ཨཱ་རབ་ཀྱི་འཛམ་གླིང་ནས་མང་གཙོའི་རླུང་བུ་ལྡང་འགོ་བཙུགས་སོང་།

གདོང་དང་གཟུགས་པོར་སྤུ་འབེལ་ལ་ཆོས་ཁྲིམས་དམ་པ། སྐྱེས་པ་རེ་རེས་བཟའ་ཟླ་བཞི་རེ་ལེན་ཆོག་པའི་ཁྲིམས་ལུགས་དང་ལྡན་པ། ཉེ་དུས་ཤི་མ་ཐག་པའི་ཨོ་སཱ་མཱ་བྷིན་ལ་ཌིན་ལ་བཟའ་ཟླ་༥ ཙམ་ཡོད་པ་ཡོངས་གྲགས་ཡིན། དེ་བཞིན་བུད་མེད་སྨད་ཚོང་མ་ལོངས་སུ་སྤྱོད་ཆེད་དུ་འབྱོར་ལྡན་དང་དབང་ལྡན་ཚོས་ཞག་ཅིག་གི་ཆེད་དུ་ཆང་ས་བརྒྱབ་ནས། ཉིན་རྗེས་མར་ཁ་བྲལ་བའི་ཁྱབ་བསྒྲགས་ཀྱི་ལུགས་སྲོལ་དང་ལྡན་པ་སོགས། དོད་མའི་ཁ་ཆེའི་ཆོས་ཁྲིམས་དེ་ཡུལ་ཁྲིམས་དང་འདྲེས་ནས། བུད་མེད་རྣམས་ཀྱི་གདོང་དང་ཐ་ན་རྐང་པ་ཚུན་ཆད་དམར་རྗེན་དུ་སྟོན་ཆོག་གི་མེད།

ལུང་པ་འདི་དག་གི་ནང་རྒྱལ་པོའི་རིང་ལུགས་དང་དམག་གཞུང་རིང་ལུགས། བཀས་བཀོད་བརྒྱུད་འཛིན་རིང་ལུགས་སོགས་སྣ་ཚོགས་ཡོད་ཅིང། དུས་རབས་ཉི་ཤུ་པའི་མཇུག་དང་ཉེར་ཅིག་པའི་འགོ་ནས། འཛམ་གླིང་འདིའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་མང་གཙོའི་ལྟ་གྲུབ་དེ། ཨེ་ཤ་ཡ་དང་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་དར་འགོ་བཙུགས་པ་དང། མཚམས་རེར་ནུབ་ཕྱོགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཚོས་མང་གཙོའི་ལྟ་གྲུབ་དར་ཁྱབ་འགྲོ་ཆེད་དུ། ལུང་པ་དེ་དང་དེར་རོགས་རམས་དང་སྲུང་སྐྱོབ་ཀྱི་འོག་ནས་མང་གཙོའི་ལམ་ལུགས་དར་སྤེལ་བཏང་ཡོད་པ་རེད། དཔེར་མཚོན་ཙམ་ནི། འཛམ་གླིང་འཁྲུག་ཆེན་གཉིས་པ་དང་དེའི་རྗེས་ཀྱི་གྲང་དམག་སོགས་ནི། གཙོ་བོ་མང་གཙོའི་ལྟ་གྲུབ་དང་དམར་ཕྱོགས་ཀྱི་ལྟ་གྲུབ་ཁྱབ་སྤེལ་གཏང་སའི་ས་ཁུལ་གྱི་ཆེད་དུ་བྱུང་ཡོད་པ་རེད། འདིར་ཨེ་ཤ་ཡ་དང་ནུབ་ཕྱོགས་གཉིས་ཀྱི་སྐོར་སྐབས་སུ་མི་བབ་པས་རེ་ཞིག་མཚམས་འཇོག་གི་ཡིན།

གོ་ལའི་ཁྱོན་ལ་མང་གཙོའི་ལྟ་གྲུབ་ཤུགས་ཆེན་པོ་དར་བ་དང་བསྟུན་ནས། དེང་སྐབས་ཨཱ་རབ་ཀྱི་འཛམ་གླིང་ཞེས་འབོད་པའི་ཁ་ཆེའི་རྒྱལ་ཁབ་ཁག་ནང་མི་མང་ལ་རང་དབང་དགོས་པ་དང། ཆབ་སྲིད་ཀྱི་དབང་ཆ་དགོས་པ། བུད་མེད་ལ་ཐོབ་ཐང་དགོས་པ། རྩ་ཁྲིམས་དང་བཅའ་ཁྲིམས་རྣམས། དོད་མའི་ཁ་ཆེའི་ཆོས་ཁྲིམས་དང་ལོགས་སུ་དགོས་པ། སྐྱེས་པ་བརྩི་ཆེན་འཛིན་པ་དང་བུད་མེད་འཁོར་གཡོག་འཛིན་པའི་ཁྲིམས་ལུགས་མེད་པ་བཟོ་དགོས་པ་སོགས་དགོས་འདོན་བཏོན་ནས་མི་མང་གིས་གྱེན་ལངས་བྱེད་འགོ་བཙུགས་ནས་ད་ལྟའི་སྐབས་འགྲོ་བཞིན་པ་རེད། ཟླ་གྲངས་འགའི་སྔོན་ནས་ཨི་ཇིབ་:  Egypt ལུང་པ་ནས་jasmine revolution མེ་ཏོག་ཀུནྡ་གསར་བརྗེ་ཞེས་པའི་མི་མང་གི་སྒེར་ལངས་ཆེན་པོ་ཞིག་ལངས་ནས་གཞུང་འགོ་རྟིང་སློགས་མ་ཐག་ཡིན་པ་དང། ད་ལྟའི་སྐབས་ལུང་པ་དེར་མང་གཙོའི་ལམ་ལུགས་ཀྱི་ས་བོན་བཏབ་ཟིན་པ་རེད། སྐབས་དེའི་མི་མང་སྒེར་ལངས་སྐད་གྲགས་ཆེ་དྲགས་ནས་རྒྱ་ནག་གི་དྲ་ལམ་ཁག་ཏུ་གསང་བའི་ཐོག་ནས་ jasmine revolution མེ་ཏོག་ཀུནྡ་གསར་བརྗེ་ཞེས་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པས། གཞུང་གིས་དྲ་ལམ་ཡོངས་རྫོགས་བཀག་བསྡོམས་བྱས་དགོས་བྱུང་ཡོད་པ་རེད། དེའི་རྗེས་སུ་ལཱི་བྷི་ཡ་:  Libya དེ་བཞིན་དུ་མི་མང་གིས་རང་དབང་གི་ཆེད་ཞི་བའི་གྱེན་ལངས་བྱས་པ་རེད། ཉིན་གྲངས་འགའི་སྔོན་ནས་འགོ་བཙུགས་ཏེ་ད་ལྟ་འགྲོ་བཞིན་པ་ནི། སཱི་རཱི་ཡ་ Syria རྒྱལ་ཁབ་ཀྱི་མི་མང་གིས་ཆབ་སྲིད་ཀྱི་རང་དབང་དགོས། མི་མང་ལ་རང་དབང་དགོས་ཞེས་འབོད་ནས་མི་ཁྲི་ཚོ་མང་པོ་སྲང་ལམ་ཁག་ཏུ་དོན་ནས་གཞུང་ལ་ངོ་རྒོལ་བྱེད་བཞིན་པ་རེད།

སྤྱིར་གཞུང་འགོ་རྟིང་སློག་རྒྱུ་དེ་ལས་སླ་པོ་ཞིག་མ་རེད་ལ་སློག་ཚར་པའི་རྗེས་སུ་ཉན་ཁ་དེ་ལས་ཀྱང་ཆེ་བ་ཞིག་འཕྲད་སྲིད་པ་རེད། ཡིན་ནའང་གཞུང་དེ་མི་མང་གི་ཆེད་དུ་ཡིན་པ་དང་མི་མང་གི་འདོད་བློ་མ་ཚིམས་ནས་གཞུང་ལ་དགོས་འདུན་བཏོན་པའི་སྐབས། གཞུང་གི་ངོས་ནས་དང་ལེན་བྱེད་རྒྱུ་དེའང་གནད་འགག་ཅིག་ཆགས་ཡོད། མང་གཙོའི་ངོས་ན་གཞུང་གིས་ཕྱིར་འཐེན་བྱས་ན་དེ་ལ་འཚམས་པའི་འཛིན་སྐྱོང་སོགས་ཀྱི་གྲ་སྒྲིག་དགོས་རྒྱུ་ནི། ལུང་པ་སིལ་བུར་མི་འགྲོ་བའི་གལ་གནད་ཆེ་ཤོས་དེ་ཆགས་ཡོད། ཆབ་སྲིད་དཔྱད་བརྗོད་པ་དང་མཁས་དབང་ཚོས། འཛམ་གླིང་འདིའི་ཐོག་འགྲོ་བཞིན་པའི་འཇིགས་སྐུལ་རིང་ལུགས་པའི་ལེའུ་མགྱོགས་པོ་མཇུག་རྫོགས་ངེས་ཡིན་པ་དང། དེ་ནས་༢༠༡༡ དང་༢༠༡༢ ནི་ཁ་ཆེའི་རྒྱལ་ཁབ་ཚོ་མང་གཙོ་ཅན་དུ་འགྱུར་བའི་ལོ་རབས་ཀྱི་འགོ་འཛུགས་ཀྱི་རེད་ཅེས། སྔོན་དུས་བཤད་པ་དེ་ཕལ་ཆེར་བདེན་ཚོད་ཆེ་བ་འདུག ཨཱ་རབ་ཀྱི་འཛམ་གླིང་ནས་མང་གཙོའི་རླུང་བུ་ལྡང་འགོ་བཙུགས་པ་འདི་ཁྱབ་ཆེ་རུ་སོང་ནས། རིམ་གྱིས་རྒྱ་ནག་གི་ས་ཁུལ་ཁག་ལ་ལྡང་ངེས་ཡིན་པས་དེ་དོན་བོད་མི་ཚོའི་སེམས་ནང་གྲ་སྒྲིག་ཡོད་པ་དགོས།