ཧུའུ་ཅིང་ཐའོ་ཡིས་འདི་ལྟར་ངོས་ལེན་བྱེད་རན།
དཔེར་ན། ཉེ་ཆར་ཨི་སི་རཱལ་གྱི་ཧཱ་མ་སི་དང། ཧྥ་ཏཱ་ཕྱོགས་ཁག་གཉིས་བར་འགྲིག་མཐུན་གྱི་ཆིངས་ཡིག་བཞག་པ་དང། ཨི་རྗེབ་དང། ལི་བྷི་ཡཱ། སཱི་རི་ཡཱ་སོགས་སུ་མི་མང་གྱེན་ལངས་ཀྱིས་སྲིད་དབང་སྒེར་སྤྱོད་ཀྱི་སྲིད་འཛིན་དང་དེས་འཛིན་པའི་སྲིད་གཞུང་ལ་འགྱུར་བ་ཞིག་གཏོང་དགོས་པའི་སྐད་འབོད་བྱེད་ཀྱི་ཡོད། འོན་ཀྱང་མི་མང་དེ་ཚོས་རང་ཉིད་ལ་རྒྱལ་ཁབ་མི་དགོས་ཟེར་གྱི་མེད་ལ། སྲིད་གཞུང་མི་དགོས་དེ་བས་ཟེར་གྱི་མེད་པ་རེད།
བོད་ལ་མཚོན་ན། ད་ལྟ་ཀིརྟི་དགོན་པའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ང་ཚོ་མི་མང་ལ་རང་དབང་མེད་པའི་དཀའ་ངལ་ཞིག་དང། དམ་དྲག་དེའི་དབང་གིས་ང་ཚོ་ལ་རང་དབང་ཞིག་སྤྲོད་རོགས་ཞེས་སྐད་འབོད་བྱེད་ཀྱི་ཡོད་པ་ལས། ང་ཚོ་ལ་རྒྱལ་ཁབ་མི་དགོས། ང་ཚོས་རྒྱལ་ཁབ་མགོ་རྟིང་སློག་གི་ཡིན་ཞེས་པའི་བསྟན་དོན་ཞིག་མེད། འོན་ཀྱང་རྒྱ་དམར་གུང་ཁྲན་ཏང་གི་འབྲེལ་ཡོད་མི་སྣ་ཚོས་རྣམ་རྟོག་ཆེན་པོས། མི་མང་དེ་དག་རྒྱལ་ཁབ་རྩ་མེད་བཟོ་མཁན་གྱི་ཉེས་ཅན་པའམ། དོན་མེད་དུས་སྐབས་ཟང་ཟིང་བཟོ་མཁན་གྱི་དགྲ་བོ་རུ་བརྩིས་ཏེ་མེ་མདའི་སོ་ཁ་མི་མང་ཚོའི་ཐོག་ཏུ་ཁ་བསྐོར་ནས་བསྡད་ཡོད། ད་དུང་པར་ནང་དུ་མཐོང་རྒྱུ་ཡོད་པ་བཞིན། རྔ་པ་མི་མང་ལ་གུས་འདུད་ཞུ་ཞེས་པའི་འཕྲེད་དར་ཆེན་པོ་དེ་འདྲ་དམག་གི་རླངས་འཁོར་ལ་སྦྱར་ནས་འགྲོ་གི་འདུག རྔ་པ་མི་མང་ལ་གུས་བརྩི་ཡོད་ན་མི་མང་ཚོའི་བསམ་ཚུལ་ངོ་མ་ག་རེ་ཡིན་མིན་ཉན་མི་དགོས་པ་ག་རེ་རེད། མ་གཞི་ནས་མེ་མདའ་གཏད་ནས་མི་ལ་གུས་འདུད་ཞུ་སྟངས་ཤིག་ཡོད་རེད་དམ། འོ་ན། ཞུ་འབོད་བྱེད་མཁན་དང་འུ་ཐུག་ནས་རང་ལུས་མེར་སྲེག་གཏོང་མཁན་དེ་དག་གུས་འདུད་ཞུ་སའི་མི་མང་མ་རེད་དམ། དེ་དག་གུས་འདུད་ཞུ་སའི་མི་མང་གི་གྲས་སུ་མི་ཚུད་པའི་རྒྱུ་མཚན་ག་རེ་རེད།
འདི་ལྟར་བསམ་གཞིགས་བྱེད་ཡོང་དུས། ད་ལྟའི་རྒྱ་ནག་གུང་ཁྲན་དམར་གཞུང་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས་ཞི་བདེ་དང་དང་བདེན་ལ་དགའ་བའི་འཛམ་གླིང་མི་མང་ཡོངས་དང། བོད་མི་རིགས་འདིའི་འདས་གསོན་སེར་སྐྱ་ཕོ་མོ་ཡོངས། སྒོས་སུ་ད་སྐབས་ཛ་དྲག་ཏུ་གྱུར་ཡོད་པའི་རྔ་པ་ཀིརྟི་དགོན་པའི་ལྷ་སྡེ་མི་སྡེ་ཡོངས་ལ་“དུས་རབས་ཉེར་གཅིག་པ་འདིའི་ནང་ད་དུང་མི་གསོད་ཁྲག་སྦྱོར་བྱེད་མཁན་གྱི་གཏེ་བོ་གཅིག་ང་ཡིན་”ཞེས་པུས་མོ་ས་ལ་བཙུགས་ནས་ཁ་གསལ་པོའི་ཐོག་ནས་ངོས་ལེན་ཞུ་རན་འདུག་པ་མ་ཟད། ཧུའུ་ཡི་ཁ་ནས་བཤད་མྱོང་བ་ཙམ་དང་བཤད་བཞིན་པ་ཙམ་མ་ཡིན་པར། དོན་ངོ་མའི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་རན་འདུག །