དྲང་གཏམ་མདའ་མོ།

ཕར་ལ་རྐུན་ཁག་གཅིག་བཙུགས་དུས།།

ཚུར་ལ་རྐུན་ཁུངས་གཅིག་སྟོན་འོང་།།

གཉིས་ཀ་སྤྱི་ཚོགས་འདིའི་ནང་དུ།།

ནག་པོ་ཕར་བཟོས་ཏེ་ཚུར་བསྐུས།།

འདི་ཡང་ཆབ་སྲིད་གཅིག་ཡིན་ནམ།།


རྒྱ་རི་མགོ་བདེ་རེད་ཞུས་ན།།

བློ་སེང་ལྕེ་བདེ་རེད་གསུང་འདུག།

བཀྲས་མཐོང་རྐུན་མ་རེད་ཞུ་དུས།།

བློ་སེང་རྫུན་མ་རེད་གསུང་འདུག།

ཉེས་སྐྱོན་ཕར་འགེལ་དང་ཚུར་འཕེན།།

འདི་ཡང་ཆབ་སྲིད་གཅིག་ཡིན་ནམ།།

ཁམས་པའི་ལ་ཞེན་ཞིག་གླེང་བཞིན།།

ཁམས་པར་བསམ་ཤེས་ཤིག་མེད་ཀྱང་།།

ནང་ཁུལ་བསྙོན་འཛུགས་འདི་མ་གནང་།།

བོད་ལ་ཐུགས་བསམ་ཞིག་བསྐོར་རོགས།།

ཀ་བར་འབྲེང་ལྕག་ཅིག་མ་རྒྱབ།།

འབྲེང་སྣེ་རང་མིག་ལ་ཕོག་ཡོང་།།

ནང་ཁུལ་འཐབ་རྩོད་འདི་མ་གནང་།།

ངན་འབྲས་བོད་པ་ལ་འཁོར་ཡོང་།།

སྤྱི་འཐུས་རྩོད་རྙོག་གི་གློག་བརྙན།།

ལྷ་སའི་ཁྲོམ་ལམ་དུ་བཤམས་སོང་།།

ཁམས་པའི་ནང་ཁུལ་གྱི་སྡང་ཟུག།

ཀྲུང་གོའི་དུས་དེབ་ཏུ་འགོད་དམ།།

ཉམས་མྱོང་ལྷག་བསམ་ཀྱིས་ཕྱུག་པའི།།

སྒྲོལ་མ་བཀའ་ཁྲི་རུ་འོས་ཀྱང་།།

ད་ལྟའི་གནས་བབ་ལ་གཞིག་པའི།།

བློ་སེང་དེ་ལས་ཀྱང་ལྷག་པ།།

དི་འདྲའི་བཤད་སྟངས་ཙམ་བྱས་ན།།

རང་གི་འདོད་དོན་དེ་འགྲུབ་ཅིང་།།

མི་ལ་བརྡབ་གསིག་ཀྱང་མི་ཡོང་།།

འདི་ལས་ལྷག་པ་ཞིག་གང་འདུག