ཤི་གསོན་གྱི་སོ་མཚམས་ནས་མྱུར་སྐྱོབས་གནང་རོགས་ཞུ།
དེ་ཡང་དགོས་འདུན་གཉིས་དང་འབོད་སྐུལ་གཅིག་མ་འགྲུབ་བར་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ། ད་ཆ་ཉིན་གྲངས་ ༡༧ འདས་བཞིན་ཡོད་ན་ཡང་། རྒྱ་གཞུང་གིས་ད་དུང་ཡ་ལན་སྤྲད་ཡོད་པ་མ་རེད་ལ་ཕལ་ཆེར་སྤྲོད་ཀྱང་སྲིད་པ་མ་རེད། གང་ཡིན་ཟེར་ན། རྒྱ་གཞུང་གི་ད་ལྟ་བར་དུ་བོད་སྤྱི་ནང་གཉིས་ཆར་གྱི་རྒྱལ་ཞེན་དང་ལྷག་བསམ་ཅན་དག་གིས་མཚོན་པའི་རླབས་ཆེན་གྱི་སྣེ་ཁྲིད་པ་ཚོ་རྩ་མེད་བཟོ་རྒྱུར་འབད་རྩོན་བྱེད་བཞིན་ཡོད་པ་རེད།
ཕྱོགས་གཞན་ཞིག་ནས་བཤད་ན། ཉིན་འདི་དག་གི་རིང་ལ། ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་དང་ཚོགས་སྡེ་མི་སྒེར་སོགས་གང་མང་ཞིག་ཆེད་ཕེབས་གནང་ནས་ཐུགས་གསོས་འཚམས་འདྲི་གང་མང་ཞུ་བཞིན་ཡོད་ན་ཡང་། ང་ཚོ་བོད་པ་ཚོའི་ངོ་ནས་སྤྱི་འཐུས་ཁག་གཅིག་ཆེད་ཕེབས་ཀྱིས་འཚམས་འདྲི་ཞུས་ཡོད་པ་རེད་ཅེས་གསར་ལམ་ཁག་ཏུ་ཁྱབས་བསྒྲགས་བྱེད་ཀྱི་འདུག། དེ་ནི་ཁྱབས་བསྒྲགས་བྱེད་རིན་ཡོད་པའི་རླབས་ཆེན་གྱི་བྱ་བཞག་ཞིག་ལ་ངོས་འཛིན་བྱེད་ཐུབ་ཀྱི་མེད། དེ་བས་སོ་སོ་སྣེ་འཁྲིད་མི་སྣ་ཞིག་ཡིན་པའི་ཆ་ནས་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ཡོད་ན་བསྔགས་འོས་ཀྱི་གནས་སུ་གྱུར་པ་ཞིག་ག་ལ་མིན།
དེས་ན་ཁོ་བོས་མཚམས་འདི་ནས་བརྗོད་འདོད་པ་ནི། ད་ལྟ་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་ཐོག་མཐོ་སྒང་གི་བོད་མི་ས་ཡ་དྲུག་གམ་བོད་ཁ་བ་གངས་ཅན་པའི་མཐར་ཐིག་གི་དམིགས་འདུན་ནམ་རང་དབང་དང་བདེ་སྐྱེད་ཐོབ་ཆེད་དུ། རྒྱ་ནག་དམར་པོའི་སྲིད་གཞུང་ལ་དགོས་འདུན་གཉིས་དང་འབོད་སྐུལ་གཅིག་གིས་ཐོག རྒྱལ་གཅེས་དཔའ་བོ་གཞོན་ལྷན་ཚོགས་གཞོན་སྦོ་ཆུང་ཚང་དོན་འགྲུབ་ལྷ་དར་མཆོག་དང་། ཟུང་དྲུང་བསྟན་འཛིན་ནོར་བཟང་། དཔལ་འབྱོར་འགན་འཛིན་དཀོན་མཆོག་ཡར་འཕེལ་ལགས་གསུམ་ནས་ཕྱི་ཟླ་༤་ཚེས་༢༥་ནས་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས་ནས་དེ་རིང་གི་ཉིན་གྲངས་༡༧ འགྲོ་བཞིན་ཡོད་པ་རེད།
ད་ལྟའི་སྐབས་འདིར་ལྡི་ལིར་ཚ་ཤུགས་ཧ་ཅང་ཆེ་བའི་སྒང་ཡིན་པ་མ་ཟད། ལྟོ་ཐེངས་གཅིག་ཀྱང་མ་བཟས་ནས་ཉིན་གྲངས་༡༧་ཧྲིལ་བོ་འགྲོ་བཞིན་པའི་ཁོང་རྣམ་པའི་གཟུགས་པོའི་གནས་སྟངས་རང་བཞིན་གྱིས་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པ་སྨོས་མེད་རེད། ཡིན་ནའང་། ཟས་བཅད་ངོ་རྒོལ་གནང་མཁན་ཁོང་རྣམ་པ་གསུམ་གྱི་ངོས་ནས་ཆོད་སེམས་བརྟན་པོའི་ཐོག་ནས་ལས་འགུལ་མུ་མཐུད་འགྲོ་བཞིན་ཡོད་པ་རེད།
རླབས་ཆེན་གྱི་སྣེ་ཁྲིད་པ་ཁོང་གསུམ་པོས་འདི་ལྟར་ཟས་བཅད་ངོ་རྒོལ་བྱེད་དོན་དེ་ཡང་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཆགས་འཇིག་གི་གནས་ཚུལ་ལམ་སོ་མཚམས་སུ་སླེབས་བཞིན་པའི་སྐབས་འདིར་ཁོང་རྣམ་པ་གསུམ་གྱིས་འདི་ལྟར་རང་སྲོག་བློས་གཏོང་བྱེད་བཞིན་ཡོད་པ་རེད།
སྤྱི་བཏང་བཤད་ན། དེ་ནི་བོད་མི་ས་ཡ་དྲུག་ཚང་མ་ལ་འགན་ཡོད་པ་ཞིག་དང་ལྷག་པར་གཞོན་ནུ་ཚོགས་པ་གཅིག་པོ་ཙམ་མ་ཡིན་པར་༧གོང་ས་མཆོག་དགོངས་གཞི་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་ནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡོངས་ཀྱི་སྣེ་ཁྲིད་བྱེད་དགོས་པ་ཞིག་ལ་ངོས་འཛིན་སུའི་མི་བྱེད།
ཡིན་ན་ཡང་། བློ་ཕམ་པ་ཞིག་ལ། ཁ་སྟོང་ནང་གི་ཚིག་སྟོང་བཤད་ནས་སྡོད་མཁན་ཞིང་དང་། ཡང་ན་དེ་དང་དེའི་གྲུབ་འབྲུས་ལ་བརྟེན་ནས་གང་ཞིག་ཐོབ་ཆེད་ཙམ་མ་གཏོགས། དོན་དངོས་ཐོག་གཞིས་ལུས་རྒྱ་ཆེའི་མི་མང་ལ་འཕྲད་བཞིན་པའི་དཀའ་སྡུག་སྣ་ཚོགས་ལ་གདུང་སེམས་མཉམ་བསྐྱེད་དང་། དེ་བཞིན་ཁོང་རྣམ་པའི་སྙིང་སྟོབས་དང་ཆོད་སེམས་ལ་རྗེས་སུ་ཡི་རིང་གི་ཚོར་སྣང་དང་ཤེས་རྟོགས་སེམས་གཏིང་ན་ཡོད་མཁན་ཧ་ལམ་དཀོན་པོ་འདྲ་བོ་ཞིག་མཐོང་སོང་།
དེ་འདྲ་ཡིན་དུས་མཚམས་འདི་ནས་ཁོ་བོའི་བསྐྱར་དུ་ཞུ་འདོད་པ་དངོས་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱིའི་སྒྲིག་འཛུགས་ཀྱིས་བརྒྱུད་ལམ་ནས་གཞིས་ལུས་སྤུན་ཟླ་ཚོའི་དཀའ་ངལ་མཐའ་དག་ལ་ལུས་ངག་ཡིད་གསུམ་གྱི་གདུང་སེམས་མཉམ་བསྐྱེད་དང་། ལྷག་པར་དུ་བོད་དང་བོད་མིའི་ལུས་དབང་ལ་ཡིད་ཆད་དང་ཁང་ར་མི་བྱེད་ལ། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐ་སྙད་མཐའ་དག་རྩིས་མེད་རྡོག་རོལ་མི་གཏོང་ཞིང་། ཤ་རུས་ཁྲག་རྒྱུན་གཅིག་ལས་མཆེད་པའི་བོད་མི་ས་ཡ་དྲུག་གི་སྲིད་འབྱོར་རིག་གསུམ་གྱི་ཆེད་དུ་ཚེ་སྲོག་གི་འགྲོ་གྲོན་བཏང་དང་གཏོང་བཞིན་ཡོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མྱ་ངན་གུས་འདུད་ཞུ་བཞིན་པ་འདི་ནི་ཆེས་དགའ་སྤོབ་ལྡན་པ་ཞིག་དང་བསྔགས་འོ་ལྡན་པ་ཞིག་ཅེས་མ་ཡིན།
དེ་བཞིན་ད་ལྟ་བོད་ཀྱི་བཞོན་ལྷན་གྱི་བཀོད་ཁྱབས་བཞིན་བོད་མི་གནས་ཡུལ་ས་གནས་གང་སར་ལས་འགུལ་མཚམས་མ་ཆད་པར་སྤེལ་བཞིན་པ་འདིའི་ཡང་། ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་གི་ངོ་བོའི་ཐོག་རང་དབང་ལུང་པར་མི་ལོ་ལྔ་བཅུ་ལྷག་ལ་འཚོ་སྡོད་བྱེད་བཞིན་ཡོད་མཁན་ཚོའི་སོ་སོའི་རྒྱལ་ཁབ་དང་མི་རིགས་འདིའི་རྩ་དོན་དྲན་པ་མ་བརྗེད་རོགས་ཞེས་པའི་འབོད་སྐུལ་གནང་བཞིན་ཡོད་པ་ཞིག་དང་སྒོ་ཀུན་ནས་མཚུངས།
ཡང་གཅིག་བཤད་ན། བོད་མི་ས་ཡ་དྲུག་གི་མངོན་འདོད་ཀྱི་ཆེད་དུ་སྐབས་དུས་ཙམ་མ་ཡིན་པར། དུས་དང་རྣམ་པ་ཀུན་ཏུ་རླབས་ཆེན་གྱི་ཕྱག་ལས་གནང་བཞིན་པའི་རྒྱལ་གཅེས་དཔའ་བོ་རྣམས་པ་གསུམ་གྱི་དེ་རིང་ཡང་མི་རིགས་དང་རྒྱལ་ཁབ་གང་ཞིག་གི་བདག་དབང་འཐབ་རྩོད་པ་ངོ་མ་ཞིག་གི་མཚན་ཉིད་ལྡན་པའི་སྣེ་ཁྲིད་པ་ཞིག་དང་། ཤེས་འཇོན་གཉིས་དང་ལྷག་བསམ་གསུམ་ལྡན་གྱི་དཔའ་བོ་གསུམ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་སྙིང་བཅང་གི་ཐོག་གཞིས་བྱེས་གདུང་སེམས་མཉམ་བསྐྱེད་ཀྱི་ཕྱིར་དུ་རང་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་ཐུབ་པའི་ཆོད་སེམས་ནི་ཆེས་གཟི་བརྗིད་ལྡན་པ་ཞིག་ཡིན་ན་ཡང་།
བོད་མི་རིགས་འདིའི་བླ་སྲོག་ལྟ་བུའི་བརྩེ་བའི་སྤུན་ཟླ་གསུམ་པོ་འདི་ལྟར་བློས་བཏང་གཏན་ནས་བྱེད་མི་ཉན། རྒྱ་དམར་གྱིས་བོད་དང་བོད་མིའི་རླབས་ཆེན་གྱི་སྣེ་ཁྲིད་པ་རེ་རེ་ཡིན་ཡང་རྩ་མེད་བཟོ་རྒྱུའི་ངན་འཆར་འཐེན་བཞིན་ཡོད་པའི་རྒྱབ་ལྗོངས་ང་ཚོའི་ངེས་པར་དུ་རྟོགས་དགོས། ང་ཚོའི་ངོས་ནས་ངན་འཆར་དེ་དག་རྩ་བ་ནས་ལམ་སློང་ནམ་ཡང་བྱུང་ཁ་འཇོག་མི་རུང་།
རྒྱུ་མཚན་ནི་བོད་རྒྱལ་ཁབ་དང་མི་རིགས་འདིའི་རྩ་དོན་དོན་དངོས་ཐོག་འཐབ་རྩོད་བྱེད་མཁན་གྱི་སྣེ་ཁྲིད་པ་ཁོང་རྣམ་པ་ལྟ་བུ་གལ་སྲིད་འདས་གྲོངས་སུ་སོང་བ་ཡིན་ན། དེ་ནི་གནས་སྐབས་འཐབ་རྩོད་ཀྱི་དགོས་མཁོ་ཞིག་ཡིན་ཡང་། མཐར་གཏུག་ནས་བཤད་ན་གྱོང་གུད་མ་གཏོགས་ཁེ་བཟང་ཞིག་གཏན་ནས་རག་མེད་པ་ངོ་ཤེས་པའི་ཐོག་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ནུས་ལྡན་སྣེ་ཁྲིད་པ་ཚོའི་ཁོང་རྣམ་པ་གསུམ་འཕྲལ་དུ་ཉེན་སྐྱོབ་བྱེད་རོགས་གནང་ཞེས་སྙིང་ནས་འབོད་སྐུལ་ཞུ་བཞིན་ཡོད།
གཞན་ཡང་ཁོ་བོ་ཆེས་བཀུར་འོས་པའི་ཤ་ཁྲག་གཅིག་པའི་སྤུན་ཟླ་གསུམ་ལ་འཚམས་འདྲི་དང་སྦྲགས། སེམས་གཏིང་ནས་གུས་རྩི་དང་རྒྱབ་སྐྱོར་སྔོན་སོང་ཐོག་བོད་རྒྱལ་ཁབ་དང་མི་རིགས་འདིའི་བསྟན་སྲིད་ཀྱི་ཆེད་དུ། རང་སྲོག་བློས་གཏོང་གི་ལས་འགུལ་བརྩམས་པ་མ་ཟད། རླབས་ཆེན་གྱི་ཆོད་སེམས་ལ་རྗེས་སུ་ཡིད་རིང་དང་བསྔགས་བརྗོད་ཞུ་བཞིན་ཡོད། འོན་ཀྱང་ཁྱེད་རྣམ་པ་གསུམ་གྱི་རྩ་བ་ནས་རང་སྲོག་བློ་གཏོང་མི་ཉན་ཡ། ད་དུང་མི་མཐུད་ནས་བོད་མི་རིགས་འདིའི་ཆིག་སྒྲིལ་དང་ཆམ་མཐུན། ལ་རྒྱ་དང་ཕུགས་བསམ་གྱི་བདག་པོ་ཁྱེད་རྣམ་པ་འབྱུར་འགྱུར་མི་རིགས་འདིའི་སྣེ་ཁྲིད་པར་བཞུག་རོགས་སྙིང་ནས་རེ་འབོད་ཞུ་བཞིན་ཡོད་ལགས།
རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ནས། ཕྲན་ཐུབ་བསྟན་བཀྲིས་ཀྱིས།