ཨ་རི་གཞུང་དམངས་གཉིས་ཁུ་སུམ་པའི་གཉིད་ཞིག་ཁུག་མི་ཐུབ།
འོན་ཀྱང་། དྲག་སྤྱོད་རང་ལུགས་པ་ཚོར་མཚོན་ན་བློ་སྤོབས་གསར་པ་སླེབས་ཏེ་འཕགས་ཚག་རྒྱག་དགོས་པའི་སྐུལ་མ་གསར་པ་ཞིག་ཏུ་འགྱུར་ཡོད་པ་རེད། དེ་དག་གིས་ད་ཐེངས་ཀྱི་འབར་རྫས་གས་བྱེད་ཏེ་དགྲ་ཤ་ཐེངས་དང་པོ་དེ་བླངས་པ་ཡིན་ཞེས་དམག་མི་ ༨༠ ཙམ་རྐྱེན་ལམ་དུ་བཏང་ཡོད་པ་རེད་ལ། ལག་བསྟར་ཀྱང་དོན་སྨིན་ཡོད་པ་ཞིག་སྤེལ་ཡོད་པ་རེད། ད་དུང་རིམ་པའི་སྤེལ་ངེས་ཡིན་ཞེས་དྲག་སྤྱོད་ཕྱོགས་ནས་ཀྱང་བསྒྲགས་ཡོད་པ་རེད།
གང་ལྟར་ཨ་རི་ཕྱོགས་ནས་ཨ་ལི་ཁ་ཏ་དང་ཐ་ལི་བྷན་སོགས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་སྒྲིག་འཛུགས་ཡོད་ཚད་མེད་པ་བཟོ་མ་ཐུབ་ན། ཨ་རི་གཞུང་ལ་ཁུ་སིམ་པའི་གཉིད་ཁུག་ཐུབ་པའི་དུས་ཞིག་ཡོད་མི་སྲིད་པ་ཞིག་རེད། པ་ཀི་སི་ཐན་གཞུང་ལ་ཨ་རིའི་གཞུང་གི་ཨ་སྒོར་ཐེར་འབུམ་མང་པོའི་རོགས་རམ་བྱེད་བཞིན་ཡོད་ཀྱང་། ཨ་རི་གཞུང་གི་དགྲ་བོ་ཆེ་ཤོས་དེ་མི་ལོ་འདི་དག་རིང་ལ་བཀབ་ཡོད་པའི་ཐད་ནས་བསམ་བློ་བཏང་ན་ཨ་རིའི་སྒོར་མོ་འབོར་ཆེན་ཇི་ལྟར་སྤྲད་དང་སྤྲོད་བཞིན་ཡོད་རུང་ཨ་རི་གཞུང་ལ་ལྷག་བསམ་རྣམ་དག་གི་རྒྱབ་སྐོར་ངོ་ལྐོག་འཕེར་བ་ཞིག་མེད་པ་མངོན་ཐུབ་ངེས་རེད།
པ་ཀི་སི་ཐན་གཞུང་འབྲེལ་ཐོག་ནས་ཕྱི་བསྒྲགས་བྱས་དོན་ལྟར་ན་ཨོ་ས་མ་བྷན་ལ་ཌན་གྱི་སྐོར་མ་གོ་མ་ཤེས་པ་ཞིག་ཡིན་ལ། པ་ཀི་སི་ཐན་གཞུང་ལ་མ་ཉེས་ཁག་གཡོགས་དང་གཞི་མེད་དྭོགས་པ་ཟོས་ན་མི་འགྲིགས་པ་སོགས། རྒྱ་ནག་གི་དཔུང་པ་གཡར་ཏེ་ཁ་རྒྱགས་འགའ་བཤད་ཡོད་པར་གཞིགས་ན། ཨ་རི་ཕྱོགས་ནས་རོགས་རམ་ཕྱིར་འཐེན་བྱས་ཀྱང་རྒྱ་ནག་ལ་སེམས་ཐག་ཇེ་ཉེར་གཏོང་འདོད་ཀྱི་བསྒྲགས་གཏམ་ཞིག་གིས་ཕར་རྒོལ་བྱེད་བཞིན་ཡོད་པ་རེད་མོད།
ད་དུང་ཨ་རི་གཞུང་གིས་མུ་མཐུད་པ་ཀི་སི་ཐན་ལ་རོགས་དངུལ་གཏོང་དགོས་དང་མི་དགོས་སོགས་ཀྱི་གླེང་ཕྱོགས་མི་མཐུན་པ་ཇི་སྙེད་ཨ་རི་ནང་ཁུལ་ནས་ཡོང་བཞིན་ཡོད་པ་དང་། ཨ་རི་གཞུང་ཕྱོགས་ནས་ཇི་ཞིག་བྱེད་དགོས་མི་ཤེས་པ་ཞིག་ཆགས་ཏེ་བསྡད་ཡོད་པ་རེད་ལ། དོན་དངོས་ཐོག་ནས་ཀྱང་གནས་སྟངས་ཁག་ཏུ་ཕྱིན་ཡོད་པ་མངོན་གསལ་རེད་སྙམ།།
ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༤ ལ།