བོད་གཞུང་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལས་འཕོས་སྟངས།
ད་ནི་གཞུང་དང་རྒྱལ་ཁབ་གང་ཡང་མེད་པར་སེམས་ནང་ནས་འཇུ་ས་བརྟེན་ས་ཅི་ཡང་མ་ལྷག་པར་སྟོང་སང་ངེ་གྱུར་ཐལ།ད་ནི་རྒྱ་ནག་གིས་བཤད་པ་ལྟར་ཡུལ་གྱར་སྲིད་གཞུང་ལ་ལས་ཀ་གཅིག་ཡོད་པ་ནི་རང་ཉིད་མེད་པར་བཟོ་རྒྱུ་དེ་རེད་ཟེར་བ་བཞིན་དེ་རིང་བྱ་བ་དེ་ཡི་འགོ་འཛུགས་པ་ཨེ་ཡིན་སྙམ་ནས་གང་ཞིག་བོར་བརླག་སོང་པའི་སྣང་བའི་དབྱིངས་སུ་གནས་ཡོད།
སྤྱིར་བཏངདྷ་སར་ཡོད་པའི་་བཙན་བྱོལ་བོད་གཞུང་ཟེར་བ་དེ་རྒྱལ་ས་ལྷ་སར་ཡོད་པའི་བོད་ཆོས་སྲིད་གཉིས་ལྡན་གྱི་གཞུང་དེ་རྒྱ་དམར་གྱི་དྲག་གནོན་དང་བཙན་འཛུལ་ལ་སོགས་པའི་ཉེན་ཁ་ལས་བྱོལ་པའི་གཞུང་ཞིག་ལ་གོ་བ་རེད་ལ།ང་ཚོ་བོད་མི་ཡི་མིག་ངོར་རྒྱལ་ཁབ་གཅིག་གི་སྲིད་གཞུང་གི་སྣང་ཚུལ་ཡང་ཡོད་ཆོག འོན་ཀྱང་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་བྱུས་འོག་ནས་བོད་གཞུང་ཞེས་པའི་མིང་དེ་བསྒྱུར་དགོས་པ་ཡང་གཏན་ནས་ཡོད་པ་མིན་ཏེ།རྒྱ་ནག་གི་ལྷ་སར་ཡོད་པའི་བཀའ་ཤག་གི་སྲིད་གཞུང་དེར་སྐབས་སྔོན་མ་ནས་བོད་ས་གནས་སྲིད་གཞུང་ཟེར་ནས་རང་ཉིད་ཀྱི་དབང་འོག་ཏུ་ཡོད་པའི་གཞུང་ཞིག་ལས་རྒྱལ་ཁབ་ཀྱི་གཞུང་གི་གོ་བབ་སྤྲོད་ཀྱི་མེད་པས་དྷ་སའི་ཡོད་པའི་གཞུང་དེ་ལ་རང་བཙན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་བརྩིས་ནས་ལམ་དབུ་མའི་ལམ་ལུགས་འོག་ནས་གྲོལ་མོལ་བཟོ་པར་འགོག་རྐྱེན་སྤྲོད་མི་སྲིད།དེས་ན་མིག་གཉིས་ནང་སྣང་སོ་སོར་ཡོད་པའི་གཞུང་དེ་སོར་བཞག་བྱས་ན་ལམ་དབུ་མའི་རིང་ལུགས་ལ་དོ་ཕོག་ཅི་ཡང་འགྲོ་མིོ་སྲིད།
གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་ནས་བོད་གཞུང་ཞེས་པའི་མིང་བྱང་དེས་ད་ཕན་དཀའ་ངལ་སྤྲོད་རབས་མེད་ལ།ད་ཡང་དཀའ་ངལ་གང་ཞིག་འོངས་པའི་སྔོན་བརྡ་གང་ཡང་མེད།ཡོད་ཚད་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བསྐྱོད་དགོས་ན་ང་ཚོ་ཉི་མ་སང་ཉིན་ནས་གནས་འདིར་སྡོད་མི་ཆོག་པར་རང་འགུལ་ཐོག་ནས་འགྲོ་དགོས་པའང་ཆགས་སྲིད།
གང་ལྟར་བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱིས་དྷ་སའི་གཞུང་དེ་བོད་གཞིེས་བྱེས་གཉིས་ཀྱི་ཚབ་མཚོན་པའི་ལྷ་སའི་སྲིད་གཞུང་དེ་གནས་སྤོས་ཙམ་ལ་ངོས་འཛིན་གྱི་ཐོག་ནས་ནམ་ཡང་ང་ཚོའི་སྲིད་གཞུང་ངོ་སྙམ་ནས་སེམས་པའི་བབ་སྟེགས་ཤིག་ཏུ་སེམས་བཞིན་ཡོད། ད་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་བཅོས་པ་ཡིན་བཙན་བྱོལ་ན་ཡོད་པའི་བོད་མི་ཡི་བདེ་དོན་ཚོགས་པའི་ཚབ་མ་གཏོགས་མཚོན་མི་ནུས་པས་མིང་ཚིག་དེ་གང་བྱུང་བཅོས་འགྱུར་གཏོང་པའི་དབང་ཆ་དེ་ང་ཚོ་བྱེས་འབྱོར་བ་གཅིག་པུ་ལ་ཡོད་མེད་ཀྱང་བསམ་གཞིགས་བྱ་དགོས།
༢ བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་རྒྱ་ཞི་མོལ།
སྤྱིར་བཏང་བོད་གཞུང་ཞེས་པའི་མིང་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བའི་ཚིག་ཚབ་ཏུ་བཅོས་དགོས་པའི་ཆེད་དོན་ནི་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བསྟུན་པ་ཡིན་ཟེར་ཡང་་།གཙོ་བོ་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་བྱུས་ཤིག་འཛིན་པར་གདོན་མི་ཟ་ལརྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གིས་ཏྰ་ལའི་བླ་མ་བོད་ཀྱི་འགོ་འཁྲིད་ཀྱི་མཚན་གནས་ཟུར་ན་ཡང་ཏྰ་ལའི་བླ་མ་དང་ཁོང་གི་རྗེས་འབྲང་པ་ཉུང་ཤས་ཤིག་གི་མདུན་ལམ་མཐའ་གཅོད་ཆེད་གྲོལ་མོལ་ལམ་ཁ་ཡོད་པ་ལས་ཡུལ་གྱར་སྲིད་གཞུང་དང་གྲོལ་མོལ་ཡོང་ཐབས་མེད་ཟེར་ནས་བཤད་པ་ལྟར་ཟིན་བྲིས་ཚོགས་ཆུང་གི་བཅའ་ཁྲིམས་ཟིན་བྲིས་ན་ཡང་བོད་གཞུང་ཞེས་པའི་ཚིག་བཅོས་པ་རེད་ལ།ད་ཐེངས་༧གོང་ས་མཆོག་བོད་ཀྱི་དབུ་ཁྲིད་ཀྱི་མཚན་གནས་ཟུར་བ་དང་སྟབས་བསྟུན་རྒྱ་གཞུང་གིས་ཀྱང་ཏྰ་ལའི་བླ་མ་དང་ཁོང་གི་རྗེས་འབྲང་པ་ཉུང་ཤས་དང་ལྷན་གྲོས་མོལ་གྱི་ལམ་ཁ་ཡོད་རབས་བཤད་དུས་དྷ་སའི་གནད་ཡོད་མི་སྣ་བསྙད་པ་ཚོས་ཀྱང་༧གོང་ས་བོད་ཀྱི་དབུ་ཁྲིད་ཀྱི་མཚན་གནས་ལས་ཟུར་ན་དམིགས་བསལ་སྐུ་ཚབ་མིང་ཐོག་ནས་བོད་དོན་མཐའ་གཅོད་ཀྱི་དབང་ཚད་དང་ལམ་ཁ་མེད་དུས།རྒྱ་གཞུང་གིས་གོང་ས་མཆོག་གི་རྗེས་འབྲང་པ་ཉུང་ཤས་ཤིག་གྲོལ་མོལ་གྱི་ལམ་ཡོད་མདོག་བསྟན་པའི་གོ་སྐབས་དེ་ལེན་འདོད་ཀྱི་བཅའ་ཁྲིམས་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བའི་ཚིག་དེ་འབད་ཆེན་པོས་བསྣན་ཐབས་བྱས་པ་རེད། འདས་པའི་ལོ་ཤས་རིང་རྒྱ་དང་ལྷན་དུ་གྲོལ་མོལ་བྱེད་རིང་རྒྱ་ཡིས་བཀོད་མངགས་ལྟར་རང་རྒྱལ་དང་མེས་རྒྱལ་ཞེས་པའི་ཚིག་ཡན་བེད་ཡོད་པ་དང་།མི་རིགས་ས་གནས་རང་སྐྱོང་གི་ཚིག་ཀྱང་སྤྱད་ཡོད། འོན་ཀྱང་རྟིང་མར་མི་རིགས་ས་གནས་རང་སྐྱོང་གི་མིང་བྱང་འཁོད་པའི་དགོས་འདུན་ཡིག་ཆ་ལ་ཡ་ལན་བཟང་པོ་མེད་པའི་ཁར་རྣམ་བསྒྱུར་པའི་རང་བཙན་རེད་ཟེར་ནས་སྔར་བཞིན་སྐྱོན་འཛུགས་བྱས་ཡོད། དེ་ཐེངས་ཀྱང་རྒྱ་ཡིས་བཀོད་མངགས་དང་རྒྱ་ལ་འཛིན་པའི་བསྟུན་མཁས་སྲིད་ཇུས་ཀྱི་འོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་ནས་བཅོས་ན་ཡང་རྟིང་མར་རྒྱ་གཞུང་གི་ཁ་བྲལ་གྱི་ལས་འགུལ་སྤེལ་སྟངས་རེད་ཟེར་རྐྱང་རེད།གལ་ཏེ་བཅའ་ཁྲིམས་ནང་བཙན་བྱོ་བོད་མའི་སྒྲིག་འཛུགས་ཞེས་འཁོད་ཚར་རྗེས་བཙན་བྱོལ་བོད་མི་ཡི་སྒྲིག་འཛུགས་ཞེས་པའི་མིང་བྱང་འོད་ནས་བོད་རྒྱ་གྲོས་མོལ་ཐེངས་ཁ་ཤས་མཐུད་སྲིད་ཀྱང་དོན་དམ་པར་གཞིས་ལུས་བོད་མིའི་མངོན་འདོད་གཏན་ནས་སྒྲུབ་ཐུབ་མི་སྲིད།
གང་ལྟར་དྷ་སའི་སྲིད་དོན་པ་ཁྱུ་གཅིག་འཐབ་ཕྱོགས་གཅིག་འགྱུར་ཁང་གི་བཀའ་དང་ཐག་ཇེ་ཉེ་ནས་ཉེར་སོང་པའི་སོང་པའི་ཚོར་སྣང་བྱུང་ལ།བོད་རྒྱ་ཞི་མོལ་ཟེར་བ་དག་ཀྱང་དོན་དུ་དབུ་མའི་ལམ་གྱི་རིན་གོང་གཅོད་བྱེད་་རང་ཆགས་པའི་ཚོར་སྣང་བྱུང་ལ།ད་ཐེངས་ཀྱི་གནང་སྟངས་དེ་ད་ནི་རྒྱ་ལ་ང་ཚོ་རྒྱ་འོག་ཏུ་འཛུལ་བཅུག་རོགས་ཟེར་བ་ལྟ་བུ་ཞིག་ཡིན་པའི་ཚོར་སྣང་ཡང་བྱུང་ངོ་།
གང་ལྟར་ད་ནས་དྷ་རམ་ས་ལ་ཕྱོགས་ནས་དབུ་མའི་ལམ་གོང་ཇེ་གཅོག་དང་མགོ་དེ་ཇེ་སྙེ་རེད་ལ།པེ་ཅིང་ཕྱོགས་ནས་མགོ་ཇེ་མཁྲེགས་དང་ཧམ་པ་ཇེ་ཆགས་རེད། རྒྱ་ཡི་མིག་ནང་ང་ཚོས་སྒྲོག་ཀྱིན་པའི་དབུ་མའི་ལམ་དེ་ཡང་རང་བཙན་ལྟར་ཡོད་མཐའ་རེད།རྒྱ་ཡི་དགོས་འདོད་དང་མིག་ནང་གི་དབུ་མའི་ལམ་དེ་ནི་བོད་གཞུང་ཕྱིར་བསྡུས་དགོས་འདུན་གང་མེད་པར་བོད་དུ་ལོག་རྒྱུ་དེ་རེད། དེ་ནི་དབུ་མ་དབུ་འབོད་པའི་དབུས་ཀྱི་ཞལ་རས་དེ་ནམ་ཞིག་གསལ་འོང་ངམ།