ཟས་བཅད་ངོ་རྒོལ་ནང་མི་༡༧༩༣ ཞུགས་འདུག
དེ་ཡང་འདི་ལོའི་ཟླ་ ༣ པའི་ཚེས་༡༦ ཉིན་ཨ་མདོ་རྔ་པ་ཀིརྟི་དགོན་ཀྱི་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པས་བོད་ནང་སྤྱི་དང་ལྷག་པར་ཀིརྟི་ཡུལ་དགོན་གཉིས་སུ་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་དྲག་གནོན་དང་། གདུག་རྩུབ་མནར་གཅོད། འཇུ་བཟུང་བཙོན་འཇུག་སོགས་བྱས་པའི་དཀའ་ངལ་འོག་ཡོད་པས། རྒྱ་ནག་གཞུང་ལ་དྲག་གནོན་འཇུ་བཟུང་མཚམས་འཇོག་དགོས་པའི་ངོ་རྒོལ་དང་། གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་ཀྱིས་ངོ་རྒོལ་ལས་འགུལ་སྣ་མང་སྤེལ་བཞིན་པ་ལྟར། རྒྱ་གར་ལྷོ་ཕྱོགས་མེ་སོར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ནས་ཀྱང་ས་གནས་གཞོན་ལྷན་གྱིས་འགོོ་ཁྲིད་གོ་སྒྲིག་འོག མི་མང་རེས་མོས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་རྒྱུན་རིང་བྱེད་བཞིན་ཡོད་པ་རེད།
དེ་ཡང་སྦེལ་ཀོབ་ནས་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་ནས་ད་བར་ཉིན་ ༢༨ རིང་ཆུ་ཚོད་ཉེར་བཞིའི་རིང་རེས་མོས་དུས་ཚོད་ངེས་མེད་ཟས་བཅད་ངོ་རྒོལ་བྱེད་བཞིན་པ་དང་། ད་བར་ལས་འགུལ་དེར་ལུགས་བདེ་གཞིས་ཆགས་གཉིས་ནས་སློབ་གྲྭ་དང་ཚོགས་པ་སྡེ་ཚན་ཁག་ལྔ་ནས་མི་གྲངས་ ༢༩༡ མཉམ་ཞུགས་བྱུང་ཞིང་། ངོ་རྒོལ་བ་རྣམས་ཀྱིས་ཟས་བཅད་སྐབས་རྒྱལ་བའི་ཞབས་བརྟན་དང་། བསྔོ་སྨོན་གསོག་སྒྲུབ་བྱེད་བཞིན་ཡོད་པ་རེད་ལ། ཧོན་སུར་རབ་རྒྱས་གླིང་ནས་ཀྱང་ཟླ་ ༤ པའི་ཚེས་༢༡ ཉིན་ནས་ད་ལྟའི་བར་ཉིན་གྲངས་ ༢༦ གི་རིང་ལ་ས་གནས་གཞོན་ལྷན་དང་བུད་མེད་ཚོགས་པའི་གོ་སྒྲིག་འོག དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས་པར་མི་གྲངས་༧༣༥མཉམ་ཞུགས་བྱས་འདུག དེ་བཞིན་ཀོ་ལི་གྷལ་དོན་ལྡན་གླིང་ནས་ཀྱང་ས་གནས་གཞོན་ནུའི་གོ་སྒྲིག་འོག་ཕྱི་ཟླ་ ༤ པའི་ཚེས་ ༢༠ ཉིན་ནས་ཆུ་ཚོད་ ༡༢ རིང་གི་རེས་མོས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས་ཡོད་པ་དང་། ད་བར་མི་གྲངས་ ༧༦༧ ཟས་བཅད་ནང་མཉམ་ཞུགས་བྱུང་ཡོད་འདུག དེ་བཞིན་གོང་འཁོད་གཞིས་ཆགས་ཁག་བཞིའི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཀྱང་གཞིས་བཞུགས་བོད་མི་སྤུན་ཟླ་རྣམས་ཀྱི་ཆེད་དུ་རིམ་འགྲོ་གསོག་སྒྲུབ་དང་། འཕྲིན་བཅོལ་ལྷ་གསོལ། མར་མེའི་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་རིམ་པ་མང་པོ་སྤེལ་དང་སྤེལ་བཞིན་པ་རེད།
དགོན་སྡེ་ཁག་ནས་ཀྱང་བོད་དོན་ལས་འགུལ་ཁྲོད་མཉམ་ཞུགས་གང་མང་བྱེད་བཞིན་ཡོད་པ་རེད། གཞིས་ཆགས་ཁག་བཞིའི་ནང་དུས་ཚོད་ངེས་མེད་ཟས་བཅད་ངོ་རྒོལ་ཁོ་ནའི་ནང་མཉམ་ཞུགས་བྱེད་མཁན་བསྡོམས་མི་གྲངས་༡༧༩༣ བྱུང་ཡོད་པ་དང་། ད་དུང་ཡང་ལས་འགུལ་དེ་དག་མུ་མཐུད་དེ་འགྲོ་བཞིན་པ་རེད། གཞིས་ཆགས་ཁག་གི་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་གང་འདྲ་ཞིག་ཡིན་ན་ནའང་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་བཅས་ཀྱིས་མ་སྐུལ་དང་བླང་གིས་སྣེ་ཁྲིད་བྱེད་བཞིན་པ་དང་། བོད་ནང་གི་གནས་བབ་དང་སྐབས་བསྟུན་གྱིས་མར་མེའི་ཁྲོམ་སྐོར་བྱེད་པ་དང་། སྐྱབས་རྟེན་བསྔོ་སྨོན་གསོག་པ། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ལ་ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བགྲོད། གསར་འགོད་གསལ་བསྒྲགས་སོགས་བོད་དོན་ལས་འགུལ་སྣ་མང་སྤེལ་དང་སྤེལ་བཞིན་པ་རེད། ལས་འགུལ་གོ་སྒྲིག་པ་དག་གིས་བརྗོད་དོན་ལ་ང་ཚོས་ད་ལྟའི་ལས་འགུལ་འདི་དག་ད་ལྟའི་བོད་ནང་གི་གནས་ཚུལ་ཞི་འཇགས་ཡོང་བར་གཙོ་བོ་དམིགས་པ་ཞིག་ཡིན་ནའང་། མིག་མདུན་དུ་བོད་ནང་ལ་རྒྱ་ནག་གིས་དྲག་གནོད་མཚམས་བཞག་པ་ལྟར་བྱས་ཀྱང་བོད་ལ་བོད་མི་མང་གི་མངོན་འདོད་ལྟར་རང་དབང་མིང་དོན་མཚུངས་པའི་ཞིག་མ་བྱུང་གི་བར་དུ་ང་ཚོས་མི་རབས་ནས་མི་རབས་བརྒྱུད་ནས་བོད་དོན་ལས་འགུལ་མཚམས་འཇོག་གི་མ་རེད་ཅེས་བརྗོད་ཀྱི་འདུག །
མེ་སོར་གསར་འགོད་པས།
{jcomments on}
