གེ་སར་སྒྲུང་གིས་ཁམས་པ་རྣམས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད།
སྤྱིར་བོད་མདོ་ཁམས་ཕྱོགས་ལ་དམག་མིའི་གོམས་གཤིས་མང་པོ་ཞིག་ཡོད་པ་དང་། དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་སྐོར་བཤད་དགོས་ན་ཧ་ཅང་མང་བས་འདིར་མི་བརྗོད་ལ། སྐབས་སུ་བབས་པ་ནང་ཁུལ་དུ་འཁྲུག་འཛིངས་བྱེད་པ་དང། མི་གཞན་ཞིག་དང་ཁ་འཛིངས་ཙམ་ཤོར་ཡང་བསམ་བློ་བཏང་ནས་རྒྱག་རེས་མ་བརྒྱབ་ན། མི་དེར་བློ་ཁོག་མེད་ཚུལ་དང་། མི་དེ་མི་ཐ་ཤལ་ཡིན་ཚུལ་སོགས་སྤྱི་ཚོགས་ནང་ནས་མིང་ཆད་སྣ་ཚོགས་རག་པ་དང། མི་ཐེབས་ཆག་ཅིག་ཡིན་ཀྱང་། མི་གཞན་དང་རྒྱག་རེས་བརྒྱབ་ནས་ཁེ་ཁ་ཅུང་ཙམ་རག་ཐུབ་ན་མི་དེར་དཔའ་བློ་ཁོག་ཡོད་མཁན་ཞིག་ངོས་འཛིན་བྱེད་པའི་གོམས་གཤིས་ངན་པ་ཞིག་ཡོད་པ་རེད། གོམས་གཤིས་ངན་པ་དེ་དག་མུ་མཐུད་ནས་རྒྱུན་འཛིན་བྱེད་བཞིན་པ་དེ། ཁམས་པ་མང་ཆེ་བ་གླིང་གེ་སར་གྱི་སྒྲུང་ལ་དགའ་བ་དང་། གླིང་སྒྲུང་གི་ནང་དུ་དཔའ་བོ་རྣམས་དམག་འཁྲུག་བྱེད་པའི་སྐབས་སུ་ཕན་ཚུན་གླུ་རིང་ལེན་རེས་བྱེད་སྲོལ་ཡོད་པ་དང། གླུ་ཚིག་གི་ནང་དུ། ཝ་རྔ་མ་ཤ་ལེ་བྲོས་པ་ལས།། སྟག་འཛུལ་དྲུག་ཉི་ལེར་ཤི་ན་དགའ།། ཟེར་བ་ལྟ་བུ་དང། སྐྱེས་པ་རྣམས་དམག་ལ་འགྲོ་བའི་ཚེ་བུད་མེད་རྣམས་ཀྱིས་སྐྱེལ་མ་བྱེད་པའི་སྐབས། ཕོ་རྡར་མ་བྲོས་ནས་ཐར་བ་ལས།། རོ་ཁྲག་དམར་ཙ་རེ་སྐུར་དང་དགའ།། ཞེས་པ་ལྟ་བུ་རྒྱག་རེས་བརྒྱབ་ནས་མི་གསོད་མཁན་དེ་བློ་ཁོག་ཆེན་པོ་ཡིན་པ་དང་། རང་རོགས་གཉིས་ཀ་ཤི་མི་དགོས་པའི་ཆེད་དུ་བསམ་བློ་བཏང་ནས་རང་སྲོག་ཐར་ཐབས་སུ་ཕྱིར་བྲོས་བྱས་ན་སྡུག་སྐྱག་ཡིན་པའི་སྐོར་གླིང་སྒྲུང་དུ་ཧ་ཅང་མང་བས། དེ་ལ་བརྟེན་ནས་ཀྱང་ཁམས་ཕྱོགས་སུ་གོམས་གཤིས་ངན་པ་དེ་རྒྱུན་འཇགས་སུ་གནས་ཡོད།
སྤྱིར་གོམས་གཤིས་དེ་གླིང་སྒྲུང་གིས་ལན་པ་ཁོ་ན་མ་ཡིན་པར་ཁམས་ཕྱོགས་ཀྱི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་དང་འཚོ་བ་བཅས་ཀྱི་སྐོར་གང་ཡོད་པ་དེས་གླིང་སྒྲུང་ལ་ཕར་ཤུགས་རྐྱེན་ཐེབས་པ་ཞིག་ཡིན་མོད། ད་ལྟའི་ཆར་ཡང་ད་དུང་རྒྱུན་འཛིན་བྱེད་བཞིན་པ་དེ་གླིང་སྒྲུང་ལ་བརྟེན་ནས་བྱུང་བ་རེད་ཅེས་བརྗོད་ཀྱང་ཆོག་པ་ལྟ་བུ་ཞིག་རེད།
ང་རྒྱ་གར་དུ་སླེབས་ནས་མི་ལོ་༡༣ ལྷག་ཕྱིན་སོང་ཡང་། རྒྱག་རེས་རྒྱག་མཁན་ཞིག་མཐོང་མ་མྱོང་ཞེས་བརྗོད་ཀྱང་ཆོག་པ་ལྟ་བུ་རེད། རྒྱ་གར་ནང་དུ་བོད་པ་གཉིས་རྒྱག་རེས་བརྒྱབ་ན། འབྲོ་མཁན་དེ་བསམ་ཤེས་བྱེད་མཁན་ཡིན་པ་དང་། བོད་པ་ནང་ཁུལ་དུ་བསམ་བློ་བཏང་ནས་རྒྱག་རེས་མ་བརྒྱབ་པ་རེད་ཅེས་བཟང་བསྟོད་བྱེད་སྲོལ་ཡོད་ལ། ལག་པ་བཀྱག་མཁན་དེ་ཁྲིམས་ཐོག་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་གཉིས་ཀ་ནས་གྱོང་རག་མཁན་དེ་རེད། གལ་སྲིད་འབྲོ་བཞིན་པའི་སྐབས་སུ་ཕ་རོལ་པོས་རྗེས་འདེད་བཏང་ནས་སྲོག་ཤོར་གྲབས་བྱེད་པའི་སྐབས་ཨུ་ཐུག་ནས་མི་གཞན་དེ་གསོད་དགོས་ཐུག་ཀྱང་། ཁྲིམས་ཐོག་ནས་ནག་ཉེས་ཆེ་ཆུང་ལ་ཁྱད་པར་ཆེན་པོ་ཡོད་པ་རེད།
གང་ལྟར་སྤྱི་ཚོགས་ཀྱི་ཁོར་ཡུག་དབང་གིས་མི་གསོད་ཁྲག་སྦྱོར་བྱེད་མཁན་ཧ་ཅང་ཉུང་བ་ཞིག་ཡོང་གི་ཡོད་པ་དང། རྒྱ་གར་ནང་དུ་བོད་པ་ཞིག་གིས་མི་གསོད་མཁན་ཞིག་ཡིན་ན་མི་དེ་ཧ་ཅང་སྡུག་སྐྱག་ཡིན་པ་དང། མི་ཐ་ཤལ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང། བོད་ནང་དང་ལྷག་པར་དུ་ཁམས་ཕྱོགས་ལ་མཚོན་ན་མི་གསོད་མཁན་དེ་ཅུང་རྩ་ཆེན་ལྟ་བུར་བརྩི་བ་དཔེར་ན། མི་རྒྱུད་ཅིག་བཟང་རབས་བཤད་པའི་སྐབས་ངེད་ཚང། སྐྱེས་སྐྱེས་སྟག་ལ་སྐྱེས། ཤི་ཤི་གྲི་ལ་ཤི། ཞེས་སོགས་འུར་ཤོབ་ཤོད་སྲོལ་ཡོད་པ་སོགས་ལ་བརྟེན་ནས་ཀྱང་རང་བཞིན་གྱིས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་མང་པོ་ཡོང་གི་ཡོད་པ་རེད། དེར་བརྟེན་ངས་གླིང་སྒྲུང་ནང་གི་ཚིག་ཁ་ཤས་དྲངས་པ་དེ་སྤྱི་ཚོགས་ཀྱི་བསམ་བློ་མཚོན་ཡོད་ལ། བསམ་བློ་དེ་རྒྱུན་འཛིན་བྱེད་དུ་འཇུག་མཁན་ཡང་གླིང་སྒྲུང་རེད་ཅེས་བརྗོད་ཆོག་པ་ལྟ་བུ་འདུག་པས། གླིང་སྒྲུང་གི་ཤུགས་རྐྱེན་ངན་ཕྱོགས་དེ་བརྗོད་པ་ཡིན། དྲ་གྲོགས་རྣམས་ལ་གནད་དོན་འདིའི་ཐད་ལྟ་ཚུལ་ག་རེ་ཡོད།