བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་ཕུལ་བའི་དོན་ཚན་གསུམ།
ཕྱི་ཟླ་༣ ཚེས་༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུ་མིན་པའི་གསུང་འཕྲིན་བསྩལ་བ་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དགོངས་བཞེས་དེ་ལྟར་མི་གནང་བའི་གསོལ་བ་ཕུར་ཚུགས་སུ་བཏབ་ཀྱང་ཞལ་བཞེས་མ་ཐོབ་པ་མ་ཟད། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐྱེས་རབས་གསུང་ཆོས་ཀྱི་སྐབས་སུ་མི་མང་ཡོངས་ལ་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཞིབ་ཕྲ་གསུངས་ཡོད། ད་ལན་སྔ་ཕྱིའི་གནས་ཚུལ་གང་ལ་བསམ་ཡང་༧གོང་ས་མཆོག་གིས་ཁོང་གི་སྐུ་དབང་ལ་འགྱུར་བ་མཐའ་གཅིག་ཏུ་གཏོང་དགོས་པའི་བཀའ་གནང་བར་བརྟེན། བཅའ་ཁྲིམས་ལ་བསྒྱུར་བཅོས་དགོས་པ་མ་ཟད། མི་མང་གི་བསམ་བློ་ལ་ཡང་འགྱུར་བ་འགྲོ་བཞིན་པ་རེད།
སྔ་རྗེས་ཀྱི་གནས་སྟངས་དེ་དག་ལ་བརྟེན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོས་བསྐོ་རྒྱུའི་གཏན་འབེབས་བྱས་པ་བཞིན། ཚོགས་གཙོ་སྦྲེལ་པོས་ཀྱང་ཁོང་ཚོགས་གཙོ་རྣམ་པ་གཉིས་དང། བཀའ་བློན་ཁྲི་པ། ཤེས་རིག་བཀའ་བློན། སྤྱི་འཐུས་པདྨ་འབྱུང་གནས་བཅས་བསྐོ་གཞག་གཏན་འབེབས་བྱས་པ་ལྟར། ཟིན་བྲིས་ཚོགས་ཆུང་དེའི་ཐོག་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་འགྲེམས་སྤེལ་གནང་ཟིན་པ་རེད། ཟིན་བྲིས་དེའི་ནང་དུ་དོ་སྣང་བྱེད་དགོས་པའི་གནད་དོན་ཁག་ལ་འདི་ག་མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་རུ་ཁག་གི་ངོས་ནས་མང་གཙོའི་འགན་ཁུར་ལྷུར་བཞེས་ཀྱིས་གཤམ་གསལ་དོན་གནད་ཁག་གི་སྐོར་ལ་བསྐྱར་བཅོས་ཟིན་བྲིས་ཀྱི་གནད་དོན་ཁག་ཅིག་གི་ཐོག་བསམ་ཚུལ་ཞུ་རྒྱུ་ཡིན།
དང་པོ།
༡༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་“བཙན་བྱོལ་བོད་གཞུང་”ཞེས་འཁོད་པ་དེའི་ཚབ་ཏུ་“བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་”ཞེས་བསྒྱུར་བཅོས་གཏོང་རྒྱུའི་དོན་ཚན་ཞིག་བཞག་འདུག བཙན་བྱོལ་བོད་མི་གཅིག་པུའི་གཞུང་ངམ་སྒྲིག་འཛུགས་ག་རེ་ཡིན་ཡང། བོད་མི་ས་ཡ་དྲུག་གི་ཚབ་མཚོན་བྱེད་ཐུབ་ཐབས་རྩ་བ་ནས་མེད་སྟབས། བཙན་བྱོལ་བོད་གཞུང་ཞེས་པ་དེ་གནས་ཡུལ་བཙན་བྱོལ་དུ་ཡོད་པ་ཙམ་ལས་དོན་དུ་བོད་མི་ཡོངས་ཀྱི་སྲིད་གཞུང་ཞིག་ཡིན་པར་གོ་བ་ལེན་བཞིན་ཡོད། མཚན་བརྗེ་པོ་ཐེབས་པ་ཡིན་ན་རྩ་དོན་ལ་གནོན་འགལ་འགྲོ་གཞི་ཆེན་པོ་མཐོང་གི་འདུག་པས། བོད་དོན་འཐབ་རྩོད་རྒྱུན་འཁྱོང་དགོས་པ་དང་། དེ་ལུགས་ཀྱི་ཁྲིམས་སྒྲིག་ཅིག་ཀྱང་དགོས་པ་བཤད་མ་དགོས། བཙན་བྱོལ་བོད་གཞུང་ཞེས་རང་འཇགས་མ་བཞག་པར་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་བསྒྱུར་རྒྱུར་དང་ལེན་ཞུ་ཐུབ་གཏན་ནས་མི་འདུག
༢༽ བཅའ་ཁྲིམས་དོན་ཚན་ང་བདུན་པའི་ནང་རྒྱལ་ཁབ་ཅེས་འཁོད་པར་བསྐྱར་བཅོས་ཀྱི་ཟིན་བྲིས་ནང། མི་རིགས་ཞེས་འཁོད་འདུག དེའི་རྒྱུ་མཚན་རྒྱབ་ལྗོངས་ག་རེ་ཡོད་མེད་ལ་མ་ལྟོས་པར། ཉིན་དེ་ནས་རྒྱལ་གླུ་ཞེས་པ་དང་རྒྱལ་དར་ཞེས་པའི་མིང་ཚིག་དེ་ཚོ་ཡང་བེད་སྤྱོད་མེད་པ་ཆགས་ཉེན་འདུག་པས། གཏན་འབེབས་བྱེད་རྒྱུར་མོས་མཐུན་ཞུ་ཐུབ་མི་འདུག
༣༽ བཅའ་ཁྲིམས་དོན་ཚན་བཅུ་དགུ་པར། འགན་འཛིན་དབང་ཆ། ཞེས་པའི་ནང་“གཞུང་གི་འགན་འཛིན་དབང་ཆ་བཀའ་བློན་ཁྲི་པ་ལ་ཡོད་ཅིང་”ཞེས་སོགས་ཀྱི་ནང་གསེས་དོན་གསུམ་ཡོད་པ་ནས། བསྐྱར་བཅོས་ཟིན་བྲིས་ཀྱི་དོན་ཚན་གསུམ་པ། “བྱས་རྗེས་གཟེངས་རྟགས་དང། གོ་མིང་བདག་རྐྱེན།” ཞེས་པ་གཅིག་པུ་ལས། དོན་ཚན་དང་པོ་དང་གསུམ་པ་གཉིས་གསར་པ་གང་ཡང་མ་ཡིན་པར། བཅའ་ཁྲིམས་དོན་ཚན་ཉེར་དགུ་པའི་དགོངས་དོན་ལས་བརྒལ་མེད་ལ། སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབས་བྱས་པའི་ཁྲིམས་ཡིག་དང། སྒྲིག་གཞི་གསལ་བསྒྲགས་ལག་བསྟར་འཛིན་སྐྱོང་གིས་གནང་བཞིན་པ་ལས་གསར་པ་གང་ཡང་མིན། དེར་བརྟེན་གཞུང་གི་འགན་འཛིན་དབང་ཆ་ཞེས་པ་དེ་མིང་ཙམ་ལས་དོན་དུ་ད་ལྟ་དང་གཅིག་མཚུངས་ལྟ་བུ་ལས་ཁྱད་པར་གང་ཡང་མི་འདུག དེར་བརྟེན་དོན་ཚན་འདི་ལ་བསྐྱར་དུ་བསམ་ཞིབ་ཅིག་ངེས་པར་དུ་དགོས་པ་མཐོང་གི་འདུག
༤༽ བཅའ་ཁྲིམས་དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ། ཞེས་པའི་མགོ་བརྗོད་འོག “ཁྲིམས་ལུགས་བཟོ་འགོད་དང། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་སྤྱི་འཐུས་ཚོགས་གཙོས་སྤྱི་ལྷན་ནས་གཏན་འབེབས་བྱས་པའི་ཚད་འཛིན་དང་མིང་རྟགས་བཀོད་དགོས།” ཞེས་འཁོད་པ་དེ་རྒྱལ་ཁབ་གཞན་གྱི་འགྲོ་སྟངས་དང། ལྗིད་མཉམ་སྟངས་འཛིན་གྱི་ཐོག་ནས་ཀྱང་མི་འདྲ་བ་ཆེན་པོ་ཆགས་འདུག དེའི་ཚབ་ཏུ་“ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་བཀའ་བློན་ཁྲི་པས་གཏན་འབེབས་བྱས་པའི་ཚད་འཛིན་དང་མིང་རྟགས་བཀོད་དགོས།”དེ་ལྟར་བྱས་ན་མང་གཙོའི་སྤྱི་ཚོགས་ཚད་ལྡན་རྣམས་ཀྱི་འགྲོ་སྟངས་དང་མཐུན་པ་ཞིག་ཡོང་དགོས་པ་དང་། དེ་བཞིན་“བཅའ་ཁྲིམས་དོན་ཚན་ང་ལྔ་པ་དང། དོན་ཚན་བརྒྱ་དང་བཅུ་གཅིག་པའི་ནང་གསེས་དང་པོ་དང་གཉིས་པ་གཉིས་ཀའང་དེ་མཚུངས་བཞིན་བསྒྱུར་བཅོས་གཏོང་དགོས་”པ་གལ་ཆེ།
གཉིས་པ།
༡༽ སྤྱིར་བཏང་སྐབས་འདིའི་གཞུང་མང་ཚོགས་ཆེན་དེ་༧གོང་ས་མཆོག་གིས་བཀའ་གནང་བ་དང་། སྐུ་དབང་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཁོ་ནའི་ཆེད་དུ་ཡིན་ནའང། བཀའ་བློན་ཁྲི་པ་དང་བཀའ་བློན་གཞན་གྱི་དུས་ཡུན་གྱི་སྐོར་དང་། བཀའ་བློན་གཞན་བསྐོ་སྟངས་ཁག་ཅིག་ཀྱང་འཁོད་འདུག་ན། དེའི་ཐོག་བསམ་ཚུལ་ཁག་ཅིག་ཞུ་རྒྱུ་ཡིན།
༢༽ བཅའ་ཁྲིམས་“དོན་ཚན་ཉེར་གཅིག་པ། བཀའ་བློན་ཁྲི་པ་དང་། བཀའ་བློན་གྱི་འོས་ཆོས།”ཞེས་བཀོད་པའི་ནང་གསེས་ཀ་ནས་ཆ་བར་རང་འཇགས་དང། ཇ་པ་ཕྱིར་བསྡུ་གནང་འདུག ཇ་པའི་ནང་“ཡུན་ཚད་གཉིས་བསྟུད་མར་བཀའ་བློན་ཁྲི་པའམ་བཀའ་བློན་གྱི་ལས་ཁུར་བྱེད་བཞིན་པ་མ་ཡིན་པ།” ཞེས་གསལ་ཡོད་པ་རེད། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་དོན་ཚན་འདི་ཕྱིར་འཐེན་བྱས་ན་བཀའ་བློན་ཁྲི་པ་དུས་ཡུན་ཚད་བཀག་མེད་པར་ག་ཚོད་བསྡད་བསྡད་ཆགས་འགྲོ་ཡི་ཡོད་པ་དང། དེ་བཞིན་བཀའ་བློན་གཞན་རྣམས་ཀྱང་གཅིག་མཚུངས་ཡིན་པས། མང་གཙོའི་སྤྱི་ཚོགས་ནང་སྲིད་བློན་དང་། སྲིད་འཛིན་སོགས་ལ་དུས་ཡུན་རྒྱས་བཅད་གཏན་འབེབས་ཡོད་པ་བཞིན། ང་ཚོ་ལའང་དེ་མཚུངས་སྔར་ལམ་བཞིན་དགོས་པ་ཧ་ཅང་གལ་ཆེ་བས་དེ་ལུགས་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་རྒྱབ་སྐྱོར་རྩ་བ་ནས་མེད།
༣༽ “བཅའ་ཁྲིམས་དོན་ཚན་ཉེར་གཉིས་པ། བཀའ་བློན་གཞན་བསྐོ་བཞག་ཅེས་པའི་ནང་དུ། འོས་ཐོན་ཐོག་དམ་འབུལ་ཟིན་པའི་བཀའ་བློན་ཁྲི་པ་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བ་བསྐོ་གཞག་བྱ་དགོས།” ཞེས་བཀའ་བློན་ཕྱག་རོགས་རྣམས་བཀའ་བློན་ཁྲི་པ་གཅིག་པུས་བསྐོ་གཞག་བྱེད་ཆོག་པ་དང་། དེ་ལ་སྤྱི་འཐུས་ལྷན་ཚོགས་ནས་རྒྱབ་གཉེར་དང་མོས་མཐུན་གང་ཡང་མི་དགོས་པ་འདི་ལ་དང་ལེན་དང་རྒྱབ་སྐྱོར་གཏན་ནས་མེད། འདི་ལྟ་བུའི་ལམ་སྲོལ་ཞིག་ཆགས་པ་ཡིན་ན། མ་འོངས་པར་དགའ་ཉེ་ཕྱོགས་ལྷུང་གི་དབང་དུ་འགྲོ་བ་དང། ཕྱོགས་ཁག་གཅིག་ཁོ་ནའི་སྲིད་དབང་འཛིན་པ་ལྟ་བུ་ཡོང་མི་སྲིད་པ་མིན་ལ། ཐ་ན་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་ཡང་གནད་དོན་འདི་ལྟ་བུ་ལ་བརྟེན་ནས་ཡོང་མི་སྲིད་པ་མིན། བཀའ་བློན་མི་རེ་ངོ་རེ་ནས་བསམ་བློ་བཏང་ཡང་མི་གཅིག་གིས་བསྐོ་བཞག་བྱས་པ་ལས། སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་དང་མང་མོས་གང་རུང་གི་ཐོག་ནས་རྒྱབ་སྐྱོར་ཡོད་ན་གཟི་བརྗིད་ཆེ་ཆུང་གི་ཐོག་ནས་ཀྱང་ཁྱད་པར་ཆེན་པོ་ཡོད།
གསུམ་པ།
དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་འཁོད་པ་ཁག་གི་ནང་དུ་མོས་མཐུན་དང་རྒྱབ་སྐྱོར་ཞུ་དགོས་པ་ཚང་མ་འདིར་ཡིག་ཚོགས་ལ་འཇིགས་ནས་བསྐྱར་བརྗོད་མ་བྱས་པར་རང་འཇགས་བཞག་ཡོད་ལ། རྒྱབ་སྐྱོར་བྱེད་མི་ཐུབ་པ་དང། བསམ་ཚུལ་མི་མཐུན་པ་རྣམས་ཟུར་འདོན་བྱས་ནས་བརྗོད་པ་ཡིན།
ཟིན་བྲིས་འགྲེམས་སྤེལ་གནང་བ་དེའི་ནང་འཁོད་མེད་ཀྱང་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཞིག་གིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་སྟངས་ལ་གཞིག་ན། ད་དུང་མི་རིགས་འགན་འཛིན་ཟེར་བ་ཞིག་ཀྱང་ཟུར་དུ་བསྐོ་གཞག་བྱ་རྒྱུའི་འཆར་གཞི་ཡོད་ཚུལ་བརྗོད་བཞིན་འདུག་ན། འདི་ལ་རྒྱབ་སྐྱོར་དང་མོས་མཐུན་ཞུ་ཐུབ་ཐབས་མེད་པ་དང། དེ་ཡང་༧གོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་ནང་གལ་ཆེ་དོན་གྱིས་ཡིག་གཟུགས་ནག་པོ་རྩལ་བཏོན་གྱིས་“ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།”ཅེས་ལམ་སྟོན་ནན་ཆེར་ཕེབས་ཡོད་བཞིན་དུ་དེ་དང་མི་མཐུན་པ་ཞིག་གི་ཐོག་ལ་འགྲོ་ཐབས་མེད་པ་མ་ཟད། རྒྱ་ཆེའི་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ཅིག་གི་ཐོག་ལ་ད་དུང་མི་རིགས་འགན་འཛིན་ཟེར་བ་ལྟ་བུ་ཞིག་བསྐོ་གཞག་དགོས་དོན་གཏན་ནས་མེད་ལ། འདི་ལྟར་གནང་ན་མང་གཙོ་རྒྱབ་བཤིག་བརྒྱབ་པ་ལྟ་བུར་མཐོང་གི་ཡོད་ན། དེ་ལུགས་ཚོགས་བཅར་བ་རྣམས་དང་། གཙོ་ཆེ་ཤོས་སྤྱི་འཐུས་རྣམ་པས་དགོངས་པ་ཆེར་བཞེས་ཡོང་བའི་འབོད་སྐུལ་དང་བཅས།
མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་རུ་ཁག་ནས་ཕྱི་ལོ་༢༠༡༡ ཕྱི་ཟླ་༥ ཚེས་ ཕུལ།
འབྲེལ་བ་བྱེད་ས། ཁ་པར། ༩༤༡༨༠༧༩༨༣༢། ༩༨༠༥༩༤༡༡༦༦
