ཡབ་མེས་ཀྱི་ཞབས་རྗེས།

གངས་ལྗོངས་རིག་གནས་ས་འོག་གཏེར་གྱི་གཉེན།
རིན་ཐང་མི་ཤེས་གངས་ཕྲུག་ཀླད་མེད་འགས།
བག་ཚ་མེད་པ་མེས་པོར་སྨད་པ་དང༌།
གཞན་ལ་འགྲམ་ཆུ་ལྡངས་བ་ཨ་རེ་བླུན།

གངས་ཅན་པ་ཡི་ལས་དབང་མཐའ་ལ་ཐུག །
གངས་སེང་ཚ་བོ་ལྗོན་པའི་གསེབ་ཏུ་འཁྱམས།
གངས་སེང་སྤྲེལ་བུའི་གཡོག་ཏུ་གྱུར་བའི་ཚེ།
གངས་རིའི་ལྷ་མོས་སྤྱན་ཆབ་ཤོར་བ་བདེན།

གངས་ཅན་རིག་གནས་དབྱངས་གསལ་སོ་བཞིའི་ནོར།
ནགས་ཁྲོད་སྤྲེལ་བུའི་མ་བདག་བདག་བཟུང་བྱེད།
གངས་སེང་རྒྱལ་པོས་ངར་སྐད་སྒྲོགས་པའི་ཚེ།
ལྗོན་པའི་རྩེ་ཡི་སྤྲེལ་རྒན་ས་ལ་ལྷུང༌།

གངས་ཅན་ཁྱད་ནོར་རིན་ཆེན་དང་པོའི་གཤིས།
ཀླད་ཆུང་བདག་འདྲའི་སྤྱོད་ཡུལ་མ་ལགས་ཀྱང༌།
སྔོན་བྱོན་ཡབ་མེས་དམ་པའི་ཞབས་རྗེས་དེ།
ས་སྟེང་འགྲོ་བ་ཀུན་ལ་ངོམས་སུ་ཆོག  །།