སྙིང་གི་མཆེད་པོ་འབར་ཆུང་མཁན་པོ་དགེ་དཔལ་ལ་འཕྲིན་དུ་གསོལ་བ་དྲན་གདུང་ངག་གི་གླིང་བུ།

ལོ་ཟླའི་ཆུ་བོ་མདུན་ནས་མདུན་དུ་བསྐྱོད། །
སྐྱིད་པའི་ནམ་ཟླ་སྟོན་གྱི་ཁ་བས་གཙེས། །
ཕྱིར་དྲན་སེམས་པ་སྐྱོ་བའི་སྣང་བརྙན་ཞིག །
དེང་སང་ཁོ་བོའི་མིག་ལ་ཉེ་རུ་སོང་། །
 

དད་པའི་དབང་པོ་སྨིན་པའི་དུལ་བ་དང་། །
ཤེས་རབ་དབང་པོ་དག་པའི་མཁྱེན་པ་ཡིས། །
ལང་ཚོའི་དབང་པོ་གསལ་བའི་མཛའ་བོ་ཁྱེད། །
བདག་ཡིད་དྭངས་པའི་ཆུ་མཚོར་སྔར་བཞིན་གནས། །
 
རང་བྱུང་ཡུལ་ལ་བཅངས་པའི་བརྩེ་བ་དང་། །
བཅོས་མིན་གྲོགས་ལ་འཛིན་པ་ལ་རྒྱའི་སེམས། །
ཙཱ་རིའི་སྙུག་ལྟར་དྲང་བའི་ཁྱོད་དང་ངའི། །
མཐུན་པ་མཐུན་པའི་དམ་ཚིག་ཡིད་ལ་གཅགས། །
 
སྟོན་གྱི་མཇུག་ཏུ་རི་ཐང་སེར་པོར་གྱུར། །
བསེར་མ་ལྡངས་པས་རྩི་ཐོག་རྙིང་པར་གྱུར། །
ཁ་བས་གཡོགས་པས་ཡུལ་ལུང་དཀར་པོར་གྱུར། །
ལོ་ཟླའི་འགྱུར་བས་ལང་ཚོ་དེ་ལྟར་འགྱུར། །
 
སྒོ་མོ་ཧར་གྱིས་ཕྱེས་པའི་ཁང་གོག་ཏུ། །
དགའ་སྐྱོ་སྤེལ་མར་རྒྱུས་པའི་ནམ་ཟླ་ལ། །
འཁྲེང་ཞེན་སེམས་པ་གཡོ་བའི་དགུང་མོ་འདིར། །
འགྱུ་དྲན་ཆུ་བོའི་རྦ་རླབས་དྲག་ཏུ་འཁྱོམས། །
 
བྱེ་མའི་ལ་རྩེར་འཇག་མ་ཁེར་བུར་ངུ། །
མཚན་མོའི་ནགས་སུ་ཅེ་སྤྱང་འགྲན་དེ་ངུ་། །
སྒྱུ་མའི་བུ་མོས་རང་ལ་ལྟ་གིན་ངུ་། །
ངུ་བའི་གྲོང་འདིས་ང་ལ་སྙིང་རླུང་བསླངས། །
 
མདུན་གྱི་ལ་མོ་བརྒལ་བའི་ཆོད་སེམས་དང་། །
རྒྱབ་ཀྱི་ཁུར་པོ་འདེགས་པའི་སྟོབས་ཤུགས་གཉིས། །
ཤེས་བརྩོན་རྐང་པའི་ཟུངས་སུ་སྨིན་གྱུར་པ། །
དེ་ལ་བྱ་དཀའི་དངོས་པོ་མཆིས་མ་ཡིན། །
 
བླ་མས་ཟིན་ཅིང་ཤེས་རབ་ཅུང་ཟད་མཆིས། །
ལྷག་པའི་མོས་པ་དེ་ཡང་བརྟན་མོད་ཀྱི། །
འཕྲལ་བྱུང་རྐྱེན་མང་བརྡོ་བའི་ཁྱོད་དང་ངའི། །
མ་ཚེའི་ཕུགས་བསམ་ཕལ་ཆེར་ཕལ་ལ་གནས། །
 
ཤེས་རབ་སྣང་བས་དབེན་པའི་འབྲོག་དགོན་དུ། །
མཁོས་ཆུང་ལས་ཀྱིས་བསླུས་པའི་དགེ་ལེགས་དཔལ། །
འཛམ་གླིང་ཆེན་པོའི་ཡུལ་དེ་མ་གཟིགས་པ། །
འདི་ལ་ཁོ་བོ་ཅུང་ཟད་འཁང་དུ་མཆིས། །
 
ལྔ་རིག་སྣང་བ་རྒྱས་པའི་གྲོང་ཁྱེར་ནས། །
ཐོས་བསམ་མཐའ་རུ་ཕྱིན་པའི་སྐལ་བཟང་གི །
རེ་བའི་མེ་ཏོག་སད་གྱིས་བཅོམ་པ་འདི། །
ཁྱོད་དང་བདག་གི་མི་ཚེའི་ཕམ་ཁ་ཉིད། །
 
འོན་ཀྱང་མཐོ་རིས་ཡོན་ཏན་ལྗོན་པའི་རྩེར། །
ལྷན་སྐྱེས་བློ་གྲོས་འབྲས་བཟང་མ་སྨད་པས། །
རང་ལམ་རང་གིས་རྙེད་པའི་འདུན་མ་ཙམ། །
ལྷག་པའི་སྐྱེས་སུ་འབྱོར་བར་བྲོད་ཀྱང་འོས། །
 
བསླབས་པའི་ཆོས་ལ་ཤེས་པའི་མཐའ་མེད་ཅིང་། །
མྱངས་པའི་ཡུལ་ལ་ཚིམ་པའི་དུས་མེད་པས། །
ཉམས་དགའ་གདེངས་སུ་ཁེལ་བའི་ཞེ་བློ་ཙམ །
ཕུགས་ཀྱི་མདུན་མར་བཅངས་ཀྱང་སྨད་དུ་མེད། །
 
འགྱུ་བའི་སེམས་ལ་སྤྲོས་པའི་མཐའ་མེད་ཅིང་།
སྨྲས་པའི་ངག་ལ་རྫོགས་པའི་སྐབས་མེད་ཀྱང་། །
འཕྲལ་སྣང་འགྱུ་བ་སེམས་ཀྱི་འཆར་སྒོ་འདི། །
ཐག་རིང་གྲོགས་པོ་དྲན་པའི་བཙས་སུ་བྱས། །
 
མཐིང་མདོག་སྨུག་པས་དུས་བཞིའི་ཉམས་སྒྲིབ་པའི། །
དཔལ་ལྡན་དབུས་འགྱུར་སྙིང་པོའི་ལྟེ་བ་ནས། །
མཚན་རྟོག་སྤོས་རྒྱའི་རི་མོ་འཕྲུལ་པ་ལས། །
སྤྲིང་ཡིག་དར་དཀར་སར་པའི་སྐྱེས་འདི་གྲུབ། །
 
དགེ་ལེགས་མངོན་མཐོ་དཔལ་གྱི་འབྱོར་བ་ཅན། །
རབ་བཟང་འཕགས་པའི་ལམ་ལ་མངོན་ཕྱོགས་པའི། །
ཟླ་བྲལ་གྲོགས་དེའི་སྤྱན་གྱིས་བག་ཕབ་པར། །
ཚིག་གི་རོ་འདིས་ཅུང་ཟད་མཉེས་གྱུར་ཅིག །
ཅེས་པ་འདི་ནི། སྔོན་གྱི་དམ་ཚིག་དང་བརྩེ་བ་རྣམ་པར་དག་པའི་ཉེར་ལེན་གྱིས་གྲོགས་པོ་གང་ཉིད་མངོན་པར་དྲན་པ་ལས་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ནས་བྲིས་ཏེ་ཕུལ། །
སྤྱི་ལོ། ༢༠༠༩ཟླ་༢ཚེས༦ལའོ།།