ཨོ་སུ་ཁྲི་ལི་ཡའི་སི་ནེ་བོད་ཚོགས་པ་དང་བོད་ཁང་གཉིས་ཀྱི་རྩོད་རྙོག་ཞི་འགྲིག་བྱུང་བ།

དེའི་ཐད་ལ་ས་གནས་བོད་མི་བློ་དཀར་གཞུང་དྲང་འགའ་ཤས་ཀྱིས་བོད་རིགས་ཚོགས་པ་དང་། བོད་ཁང་གཉིས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱི་ངོས་ནས་གནད་དོན་འདི་གཙང་མ་ཡང་དག་ཅིག་ཡོང་བར་འབད་པ་གནང་རོགས་ཞེས། འབོད་སྐུལ་ཡང་ཡང་བྱས་པ་དང་ལྷག་པར་བོད་རིགས་ཚོགས་པའི་ཚོགས་གཙོ་འཇིགས་མེད་རྡོ་རྗེས། ཁོང་རང་ཉིད་ཚོགས་གཙོའི་ལས་དུས་མ་རྫོགས་སྔོན་ནས་རྙོག་གླེང་འདི་རྩ་བ་ནས་མེད་པ་ཞིག་བཟོ་ཐུབ་ངེས་བྱེད་ཀྱི་ཡིན་ཞེས་མི་མང་ཚོགས་འདུ་སོགས་ཀྱི་ཐོག་ལ་བསྒྲགས་ཡོད་པ་རེད། དེ་མཚུངས་ཁོང་རང་ངོས་ནས་ཨོ་གླིང་སྐུ་ཚབ་དོན་གཅོད་དང་འབྲེལ་ཡོད་ས་གནས་མང་ཚོགས། དེ་བཞིན་ཁ་གཏད་བོད་ཁང་ཚོགས་གཙོ་རྡོ་རྗེ་དགྲ་འདུལ་སོགས་རྒྱུན་ལས་ཚོར་ཐད་ཀར་དཀའ་རྙོག་དེ་སེལ་ཐུབ་ཆེད་གྲོས་བསྡུར་རིམ་བཞིན་བྱས་ཡོད་པ་རེད་ལ། སྐུ་ཚབ་དོན་གཅོད་མཆོག་གིས་ཀྱང་གནད་དོན་འདི་སེལ་ཐབས་ཆེད་ཚོགས་པ་གཉིས་ཀྱི་བསམ་ཚུལ་དང་ལངས་ཕྱོགས་སོགས་ཞིབ་པར་བརྟགས་ཏེ་བར་འདུམ་བྱས་ཡོད་པ་དང་། ཚོགས་པ་གཉིས་ཀྱི་ངོས་ནས་ཀྱང་སྐུ་ཚབ་དོན་གཅོད་ཀྱི་བར་འདུམ་བྱས་པར་བརྩི་བཀུར་བྱས་ཡོད་པ་རེད། ཕན་ཚུན་འགྲིག་འཇགས་ཡོང་བའི་ཐད་ལ་བོད་རིགས་ཚོགས་པའི་རྒྱུན་ལས་རྣམས་ཀྱི་ངོས་ནས་བོད་ཁང་གི་ཚོགས་གཙོ་རྡོ་རྗེ་དགྲ་འདུལ་སོགས་རྒྱུན་ལས་ཚོར་གལ་གནད་ཅན་གྱི་དོན་ཚན་བདུན་ཡོད་པའི་ཡིག་ཆ་ཞིག་བཞག་པ་དེའི་ཐོག་གི་གནད་དོན་རྣམས་ངོས་ལེན་བྱས་ཡོད་པ་མ་ཟད། གནས་ཡུལ་རྒྱལ་ཁབ་གཞུང་གི་ཁྲིམས་སྒྲིག་དང་མཐུན་པའི་ཐོག་ནས་ཕན་ཚུན་གཉིས་མོས་ཀྱིས་མིང་རྟགས་བཀོད་རེས་བྱས་ཏེ་ཆོད་གན་གསར་འཇོག་བྱས་ཡོད་པ་རེད་འདུག

བོད་རིགས་ཚོགས་པས་བོད་ཁང་ལ་བཞག་པའི་དགོས་འདུན་དོན་ཚན་བདུན་ནི།

དང་པོ། ཨོ་སུ་ཁྲུ་ལི་ཡའི་བོད་ཁང་འདི་བཞིན་སི་ནེ་བོད་རིགས་མཐུན་ཚོགས་ཀྱི་ཁྱབ་འོག་བོད་རིགས་མི་མང་ལ་རོགས་སྐྱོར་དང་བདེན་དོན་ཆེད་བཙུགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན།

གཉིས་པ། སི་ནེ་བོད་རིགས་མི་མང་ནས་འོས་འདེམས་བྱས་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་ཐོག་ཚོགས་གཙོ་དང་དྲུང་ཆེ་གཉིས་ལས་རྒྱུན་རིང་འོས་འདེམས་མི་དགོས་པའི་ཐོག་བོད་ཁང་གི་རྒྱུན་ལས་ཡིན་དགོས་པ།

གསུམ་པ། སི་ནེ་བོད་རིགས་མི་མང་ནས་འོས་འདེམས་བྱས་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་ཐོག་གཞན་རྣམས་ལས་རྒྱུན་རིང་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འོས་བསྡུ་བྱེད་མི་དགོས་པར་རང་བཞིན་གྱིས་ཆགས་རྒྱུ།

བཞི་པ། བོད་ཁང་འདི་བཞིན་ཕྱིས་འབྱུང་སྒེར་གྱི་བདག་དབང་དུ་འགྲོ་ཐབས་མེད་པ།

ལྔ་པ། གལ་སྲིད་བོད་ཁང་འདི་རྒྱུན་འཁྱོངས་བྱེད་མ་ཐུབ་ཚེ་དེའི་རྒྱུ་དངོས་ཇི་ཡོད་བོད་རིགས་མཐུན་ཚོགས་ལ་དབང་དགོས་པ།

དྲུག་པ། ཚོགས་སྡེ་གཉིས་ནས་ཕན་ཚུན་མོས་མོས་མཐུན་བྱུང་རྗེས་སྒྲིག་གཞི་བསྐྱར་བཅོས་དགོས་རིགས་ངེས་པར་དུ་བསྐྱར་བཅོས་བྱ་དགོས

བདུན་པ། བོད་རིགས་མཐུན་ཚོགས་དང་བོད་ཁང་གཉིས་མཉམ་རུབ་ཀྱིས་ལས་དོན་འགོ་བཙུགས་རྗེས་བོད་གཞུང་སྐུ་ཚབ་དོན་གཅོད་མཆོག་དང་དྲུང་ཆེ་རྣམ་གཉིས་སློབ་སྟོན་པར་གདན་ཞུ་བྱ་རྒྱུ་བཅས་ཡིན།

ཞེས་གོང་གསལ་གནད་དོན་འདི་དག་བོད་ཁང་གིས་ངོས་ལེན་བྱས་ཏེ་ཕན་ཚུན་མོས་མཐུན་བྱུང་བའི་ཐག་ཆོད་མཐའ་མ་དེ་བྱུང་ཡོད་པ་རེད་ལ། ལོ་ངོ་དུ་མར་རྒྱུན་ཆད་མེད་པའི་རྙོག་གླེང་དེའང་ད་ཐེངས་དངོས་སུ་སེལ་ཐུབ་པའི་ཁ་ཕྱོགས་རྙེད་ཡོད་པ་རེད།

དེ་ཡང་འདི་ཟླའི་ཚེས་ ༡༤ ཉིན་སི་ནེ་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་བོད་ཁང་གི་རྒྱུན་ལས་རྣམས་དང་། བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས། དེ་བཞིན་ཨོ་སུ་ཁྲུ་ལི་ཡའི་རང་གཞུང་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་། དྲུང་ཆེ་དངོས་གྲུབ་རྒྱལ་མཚན་རྣམ་གཉིས། ས་གནས་བོད་རིགས་མང་བཅས་རྒྱས་འཛོམས་ཐོག་གླེང་རྙོག་ཐག་གཅོད་གཙང་སེལ་བྱུང་ཡོད་པའི་གསལ་བསྒྲགས་གསལ་བཤད་ཀྱི་ཚོགས་འདུ་དང་པོ་དེ་འཚོགས་སོང་།

ཚོགས་འདུ་འདིའི་ཐོག་ནས་རང་གཞུང་སྐུ་ཚབ་དོན་གཅོད་མཆོག་ནས་བོད་རིགས་ཚོགས་པ་དང་། བོད་ཁང་གཉིས་ཀྱི་མི་མཐུན་པའི་འགལ་ཟླ་ཚང་མ་ཉི་མ་དེ་རིང་ནས་སེལ་ཚར་བ་རེད་ལ། ས་གནས་མི་མང་གིས་ངོས་ནས་དོགས་པ་རྣམ་རྟོགས་རྩ་བ་ནས་མི་དགོས་པར་གཙང་མ་ཆགས་ཚར་བ་རེད། ད་དུང་མ་འོངས་པའི་བོད་རིགས་ཚོགས་པའི་ཁྱབ་འོག་གི་མི་མང་རྣམས་ཀྱིས་འོས་འདེམས་བྱས་པའི་རྒྱུན་ལས་རྣམས་བསྐྱར་དུ་འོས་འདེམས་མི་དགོས་པར་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རང་བཞིན་གྱིས་ཆགས་ཡོད་པ་རེད། ད་དུང་ད་ནས་བཟུང་སྐབས་སོ་སོའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་གཉིས་བོད་ཁང་ནང་དུས་ལྟར་འོས་འཕེན་སོགས་གང་ཡང་མི་དགོས་པར་རྒྱུན་ལས་ཆགས་ཀྱི་ཡོད་པ་རེད། གལ་སྲིད་མ་འོངས་པར་བོད་ཁང་སྒོ་རྒྱག་དགོས་བྱུང་བའི་གནས་སྟངས་ཤིག་སླེབས་ན། དེའི་སྐབས་ཀྱི་ཁ་རྗེ་དབང་ཐང་དང་རྒྱུ་དངོས་ཡོངས་རྫོགས་སི་ནེ་བོད་རིགས་ཚོགས་པ་རང་ལ་དབང་གི་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ས་གནས་མང་ཚོགས་ཁྱོད་རང་ཚོས་ནམ་ཡང་སེམས་ཁྲལ་བྱེད་མི་དངོས་པ་ཞིག་རེད་ཅེས་གསལ་བཤད་གནང་སོང་།

དེ་བཞིན་བོད་ཁང་ཚོགས་གཙོ་རྡོ་རྗེ་དགྲ་འདུལ་གྱིས་གསལ་བཤད་བྱས་དོན། སྐུ་ཚབ་དོན་གཅོད་མཆོག་གི་གཙོས་པའི་འབྲེལ་ཡོད་ཚང་མར་ཐོག་མར་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་ད་རེས་ང་ཚོ་གནས་ཚུལ་ཡག་པོ་ཞིག་ཆགས་གི་འདུག  སྤྱིར་བཏང་ང་ཚོ་ད་སྔོན་ཚོགས་འདུ་མང་པོ་འཚོགས་པ་དང་། གསལ་བཤད་མང་པོ་བྱས་པ་རེད་དེ། ཡིག་ཆ་བཞག་སྟངས་མ་འགྲིག་པ་སོགས་ཀྱིས་གནས་ཚུལ་མ་འགྲིག་པ་དེ་འདྲ་ཆགས་པ་རེད། ད་རེས་བོད་རིགས་མཐུན་ཚོགས་རྒྱུན་ལས་ཐེངས་བཅུ་པའི་ཐོག་ནས་གནད་དོན་དེའི་ཐད་ལ་དམིགས་བསལ་གྱིས་དོ་སྣང་བྱས་པའི་རྐྱེན་གྱིས་ཡིག་ཆ་གསར་བཟོ་བྱས་པ་རེད། སྔོན་མ་འདྲ་ཡིན་ན་མཐའ་གཅིག་ཏུ་ཡིག་ཆ་དང་བཀའ་མོལ་སོགས་གསལ་པོ་རང་མེད་པའི་དབང་གིས་ང་ཚོ་ད་ལྟ་བར་དུ་ཕན་ཚུན་གནད་དོན་འགའ་ཤས་གསལ་པོ་མ་ཆགས་པ་དང་གོ་བརྡ་མ་འཕྲོད་པ་སོགས་འགལ་ཟླ་འདྲ་བོ་ཞིག་ཆགས་ཡོད་པ་རེད། ཡིན་ཡང་ད་ལྟ་ང་རང་ཚོ་ཡག་པོ་ཆགས་པ་རེད། ང་ཚོའི་ངོས་ནས་བོད་རིིགས་ཚོགས་པའི་རྒྱུན་ལས་ཚོས་སྐུ་ཚབ་དོན་གཅོད་འདིར་སྐད་བཏང་ནས་ཕན་ཚུན་ཚོགས་པ་གཉིས་ཀྱི་བར་གྱི་མི་མཐུན་པ་སོགས་ག་རེ་ག་རེ་ཡོད་མེད་གསལ་བཅུག་སྟེ། གནས་ཚུལ་གསལ་ཁ་བཏོད་ན་འགྲིག་པའི་ལམ་ཁ་ཞིག་ཡོད་རེད་མ་གཏོགས། དེ་མི་ཕན་ཚུན་ལ་ཡི་གེ་དེ་འདྲ་གཏོང་རེས་བྱས་ཏེ་བསྡད་ན་གནས་ཚུལ་གསལ་པོ་ཆགས་ཀྱི་མ་རེད་ལབ་པ་ཡིན། མཐའ་མ་དེ་ཚོ་ལག་བསྟར་ཡག་པོ་བྱེད་ཐུབ་བྱུང་བ་དང་། ང་ཚོ་ཕན་ཚུན་ཚང་མའི་དེའི་ཐོག་ནས་ཡིག་ཆ་བཞག་སྟེ་མོས་མཐུན་བྱུང་བ་རེད་ལ། གཉིས་མོས་ཀྱིས་མཚན་རྟགས་བརྒྱབ་པ་རེད། ད་འགྲིགས་ཚར་བ་རེད་དངོས་གནས་ཡག་པོ་ཞེ་དྲག་ཆགས་པ་རེད་བསམ་གྱི་འདུག མ་འོངས་པར་བོད་ཁང་གི་ལས་དོན་བྱེད་ཕྱོགས་ཇི་ཞིག་འགྲིག་མ་འགྲིག་བྱུང་མིན་དེ་ང་ཚོ་མི་རེ་ཟུང་གིས་གང་ཡང་བྱེད་ཐུབ་ཀྱི་མ་རེད། བོད་རིགས་ཚོགས་པ་དང་། ས་གནས་བོད་མི་ཐུན་མོང་གིས་རོགས་རམ་འདེགས་བྱེད་རེས་བྱེད་དགོས་པ་གལ་ཆེན་རེད། བོད་རིགས་མཐུན་ཚོགས་ཀྱིས་ད་ལྟ་བར་དུ་དེ་འདྲ་ཞིག་གནང་བ་དེ་ལ་ཐུགས་རྗེ་ཆེ་གནང་ཞུ་ཡ་ཡིན། གང་ཡིན་ཞེ་གནས་ཚུལ་དེ་འདྲ་བྱས་པའི་དབང་གིས་ཡག་པོ་ཆགས་པ་རེད། རྩ་བའི་ངས་བོད་ཁང་བཙུགས་དགོས་པ་དེ་ང་ཚོ་བོད་པ་ཚང་མའི་ཆེན་རང་ཡིན་མ་གཏོགས། མི་སྒེར་བདག་ཅན་ལ་འགྱུར་གྱི་ཡོད་པ་མ་རེད་ཅེས་སོགས་འགྲེལ་བརྗོད་བྱས་སོང༌།

དེ་ནས་བོད་རིགས་ཚོགས་པའི་ཚོགས་གཙོས་ང་ཚོ་སི་ནེ་བོད་རིགས་ཚོགས་པའི་རྒྱུན་ལས་སྐབས་དགུ་པ་ནས་བཟུང་བོད་ཁང་དང་བོད་རིགས་མཐུན་ཚོགས་དབར་མ་འགྲིག་པའི་གནད་དོན་འགའ་ཤས་བྱུང་བ་དངོས་ཡོད་གནས་ཚུལ་རེད། འདིར་སི་ནེ་ས་ཁུལ་དུ་བོད་པ་ཉུང་ཉུང་ལས་མེད་སྟབས་དེ་དག་ཕྱོགས་གཉིས་ཆགས་ན་ཡག་པོ་མེད་པ་རེད། ང་ཚོ་བོད་རིགས་ཚོགས་པའི་རྒྱུན་ལས་རྣམས་ཀྱི་ད་ལྟ་བར་དུ་བཟུང་བསྡད་དགོས་པའི་དོན་དག་གཙོ་བོ་དེ་ཡིན། ད་ལྟ་ངས་མང་པོ་བཤད་དགོས་ཀྱི་མི་འདུག་གོང་དུ་སྐུ་ཚབ་དོན་གཅོད་མཆོག་དང་བོད་ཁང་གི་འགན་འཛིན་རྒན་རྡོ་རྗེ་དགྲ་འདུལ་གཉིས་ཀྱིས་གནད་དོན་འདིའི་ཐོག་མཐའ་བར་གསུམ་དུ་གསལ་བཤད་ཡང་དག་པ་དང་གནད་ལ་འཁེལ་བ་མང་པོ་གནང་སོང་བས་ངས་ཞུ་དགོས་ཀྱི་མི་འདུག དེ་ཧ་ཅང་ཡག་པོ་རེད། ད་གང་ལྟར་བརྒྱ་བཤད་སྟོང་བཤད་མང་པོ་དགོས་ཀྱི་མི་འདུག  དུས་ད་ལྟ་ནས་བཟུང་སྟེ་ཉི་མ་དེ་རིང་ནས་བཟུང་བོད་ཁང་དང་བོད་རིགས་ཚོགས་པ་གཉིས་བར་གྱི་རྙོག་གླེང་རྩོད་གླེང་ཡོངས་རྫོགས་སངས་ཟིན་པ་ཡིན་ཙང་། མི་མང་ཚང་མའི་བློ་བདེ་སེམས་བདེ་ངང་ནས་ཕན་ཚུན་ལ་དོགས་པ་དང་རྣམ་རྟོགས་གང་ཡང་མེད་པར་འདུག་དགོས་རེད། ད་བར་ཕྲན་གྱིས་གནད་དོན་འདའི་ཐད་ལ་འབད་པ་ལྷོད་མེད་དང་ལས་དོན་མཐའ་འཁྱོངས་བྱེད་དགོས་དོན་ནི་ལྷག་བསམ་དཀར་པའི་ངང་ནང་ས་གནས་བོད་རིགས་ཚོགས་པ་འདི་དང་ཚོགས་མི་རྣམས་ཀྱི་ཆེད་དུ་རང་ཡིན་པ་མ་གཏོགས་རང་དོན་སྤུ་ཙམ་མེད། དེ་བཞིན་ས་གནས་མི་མང་རེ་ཟུང་གི་ད་ལྟ་རྙོག་གླེང་ཡོང་བསྡད་པ་འདི་རྡོ་རྗེ་དགྲ་འདུལ་དང་། འཇིགས་མེད་གཉིས་ཀྱི་སྒེར་དོན་བྱེད་བྲག་པ་རེད་ཟེར་བ་དེ་ཚོ་ད་དེ་རིང་གསལ་ལྷང་ངེར་ཕྱིན་སོང་མོད། ད་ང་ཚོ་བཀྲིས་ལོ་ལེགས་ངང་གཅིག་ཕན་གཅིག་རོགས་གཅིག་རྒྱབ་གཅིག་ལངས་བྱེད་དགོས་རེད། འདིར་ཡོད་བོད་ཁང་དང་བོད་རིགས་ཚོགས་པ་གཉིས་ད་ནས་བཟུང་གཅིག་མ་གཏོགས་གཉིས་ཤིག་གཏན་ནས་ཡོད་པ་མ་རེད། ཚང་མ་བློ་བདེ་བག་ཕེབས་བྱེད་དགོས་རེད་ཅེས་གསལ་འགྲེལ་བྱས་སོང་། འདི་ནི་སི་ནེ་བོད་རིགས་ཚོགས་པ་དང་བོད་ཁང་དབར་གྱི་ཡུན་རིང་ལྷག་པའི་རྩོད་རྙོག་དེ་རྩ་བ་ནས་མེད་པ་ཆགས་པ་ཞིག་རེད་ལ། བོད་རིགས་ཚོགས་པའི་ཚོགས་གཙོ་འཇིགས་མེད་རྡོ་རྗེ་ལགས་ཀྱིས་ས་གནས་བོད་མི་ཚོའི་ཞི་མཐུན་མཉམ་གནས་དང་སྤུན་ཟླའི་མཛའ་འབྲེལ་དམ་པོ་ཡོང་བ་སོགས་མདོར་ན་འཕྲལ་ཕུགས་ཡོངས་ལ་དམིགས་ཏེ་འབད་པ་བྱས་པའི་འབྲས་བུ་ལས་ས་ཁུལ་བོད་མི་ཚོ་བློ་བདེ་བག་ཕེབས་ཀྱི་རྣམ་པ་གསར་པ་ཞིག་གི་ངང་དུ་གནས་སུ་བཅུག་ཐུབ་པ་དེ་རེད།

སེར་ཤུལ་དཀོན་མཆོག་གིས། ཨོ་སུ་ཁྲུ་ལི་སི་ནེ་གྲོང་ཁྱེར་ནས། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༥ ལ༎