བོད་རྒྱ་མི་རིགས་ཕན་ཚུན་འཆམ་མཐུན་ཞིག་ཡོང་ཐུབ་བམ།
དབུ་མའི་ལམ་གྱི་གཞི་རྩ་བཟུང་ནས་ཕན་ཚུན་གྲོས་མོས་ཀྱི་སྒོ་ནས་དཀའ་ངལ་སེལ་རྒྱུའི་རེ་བ་ནི་ང་ཚོ་བཙན་བྱོལ་བའི་རེ་བ་ཡིན་ལ་ད་བར་གྲོས་མོས་ཐེངས་དགུ་ཟེར་ཀྱང་དེ་དངོས་གྲོས་མོས་ཐེངས་བཅོ་བརྒྱད་ཙམ་བྱས་ཀྱས་གྲུབ་འབྲས་མེད་པར་ཇེ་སྡུག་ནས་ཇེ་སྡུག་གི་ངོ་བོར་གྱུར་བཞིན་ཡོད་པ་མ་ཡིན་ནམ།
ད་ལྟའི་བར་དུ་གྲོས་མོས་ཀྱོ་ངོ་བོ་དཔོན་དང་འབངས་བར་གྱིས་གྲོས་མོས་ཀྱི་ངོ་བོ་ལྟ་བུ་ཡིན་པས་འདྲ་མཉམ་གྱི་འདུ་ཤེས་མེད་པས་གྲོས་མོས་ལ་ནུས་པ་མ་ཐོན་པ་དང་། གྲོས་མོས་ལེགས་ལམ་དུ་མི་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་ངེས་འཛིན་བྱ་ཆོག་པ་ཡིན།
སྤྱིར་གྲོས་མོས་ནི་ཕན་ཚུན་འདྲ་མཉམ་གྱི་འདུ་ཤེས་ཞིག་བཟུང་ནས་བྱེད་པ་ལས་དཔོན་འབངས་ཀྱི་འདུ་ཤེས་བཟུང་ནས་གྲོས་མོས་བྱ་ཐབས་མེད་པ་མ་ཟད་གྱོང་རག་མཁན་ཡང་འབངས་ཡིན་པ་ལས་དཔོན་གྱིས་གྱོང་འཁྱེར་མི་སྲིད་པ་ནི་ཆོས་ཉིད་རེད།
ད་བར་དུ་གྲོས་མོས་ཀྱི་དུས་ཚོད་དང་གྲོས་མོས་བྱ་ཡུལ་སོགས་རྒྱ་ཕྱོགས་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་ལྟར་རྒྱ་ཕྱོགས་ནས་གང་བཤད་པ་ལྟར་བྱས་པ་ལས་ང་ཚོ་བཙན་བྱོལ་གཞུང་ངམ་བཙན་བྱོལ་སྒྲིག་འཛུགས་ཀྱི་འདོད་པ་ལྟར་བྱས་པ་སྣེ་གཅིག་མེད་པ་མ་ཟད་རྒྱ་ཕྱོགས་ནས་སྔོན་འགྲོའི་ཆ་རྐྱེན་ཆུ་གློག་རྡོལ་རྡོལ་འདོན་པ་ལས་བཙན་བྱོལ་སྒྲིག་འཛུགས་ནས་སྔོན་འགྲོའི་ཆ་རྐྱེན་སྣེ་གཅིག་འདོན་མྱོང་མེད་པ་ནི་ང་ཡ་མཚན་སྐྱེས་ཀྱི་འདུག ང་ཚོའི་སྔོན་འགྲོའི་ཆ་རྐྱེན་སྟོན་པ་ཡིན་ན་ཁྲིམས་དང་འགལ་མེད་པ་མ་ཟད་འདོན་པའི་ཐོབ་ཐང་ཡང་ཡོད་ངེས་ཡིན།
འོན་ཀྱང་ང་ཚོའི་སྔོན་འགྲོའི་ཆ་རྐྱེན་སྟོན་པ་ཡིན་རྒྱ་ཕྱོགས་གྲོས་མོས་སྒོ་རྒྱག་སྲིད་ཀྱང་དེ་བས་ཀྱང་ང་ཚོར་གོ་སྐབས་གཞན་ཞིག་རེག་མི་སྲིད་པ་ག་ལ་ཡིན། འདས་པའི་ལོ་དེ་དག་རིན་ལ་ང་ཚོས་གོ་སྐབས་ག་ཚོད་ཤོར་ཡོད་གྲངས་ཀ་ཐེབས་ཚོད་རེད། དམིགས་གསལ་སྐུ་ཚབ་རྣམས་གྲོས་མོས་ལ་ཕེབས་ནས་གསར་འགོད་གསལ་སྒྲགས་གནང་སྐབས་གྲོས་མོས་ཡག་པོ་བྱུང་རབ་དང་རྣམ་འགྱུར་ཡག་རབ་ཙམ་ལས་གནས་ཚུལ་མང་པོ་ཤོད་རྒྱུ་ཡོད་ལྡོག་ལྡོག་ཙམ་ལས་མཐའ་འབྲས་གང་ཡང་བྱུང་མེད།
དེ་བས་ཀྱང་རྒྱ་ནག་མང་གཙོ་ཅན་དུ་འགྱུར་ཀྱང་ང་ཚོར་རང་བཙན་སྤྲོད་སྲིད་དམ། ངས་བལྟས་ན་རྩ་བ་ནས་སྤྲོད་མི་སྲིད་སྙམས། གང་ལ་ཞེ་ན་རྒྱ་མི་རིགས་ནི་ཧ་ཅང་རིགས་བཞེན་ཆེ་བའི་མི་རིགས་ཞིག་ཡིན། ད་ལྟ་རྒྱ་དམར་གྱི་ཆབ་སྲིད་ལ་མོས་མཐུན་མི་བྱེད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། དེ་བཞིན་ཐེ་ཝན། སིང་ཀ་པུར། མ་ལེ་ཤི་ཡ་སོགས་རྒྱ་མི་རིགས་རྣམས་ལ་བོད་རང་བཙན་གྱི་བསྐོར་བཤད་ན་རྒྱབ་བསྐྱོར་རྩ་བ་ནས་མི་གནང་བ་དེ་ལས་ཀྱས་ཤེས་ནུས།
དེ་ན་གོང་དུ་བརྗོད་པ་ཇི་བཞིན་མ་འོངས་པར་གྲོས་མོས་སྐབས་འདྲ་མཉམ་གྱི་འདུ་ཤེས་བཟུང་ནས་གྲོས་མོས་བྱ་ཐབས་ལ་འབད་དགོས་པ་ལས་ད་བར་གྱི་ལམ་ལུགས་ཐོག་མུ་མཐུད་ཕྱིན་པ་ཡིན་ན་ཕན་འབྲས་མེད་པ་མ་ཟད་ང་ཚོའི་གོ་སྐབས་མང་པོ་ཞིག་ཤོར་བཞིན་ཡོད་པ་ངེས་པར་མཁྱེན་པ་གནང་དགོས།