རྟོགས་སད་པ་བྱེད་རྒྱུར་དགའ་བའི་ང་ཚོ།

ཁོང་ཚོས་སྒོ་ཀུན་ནས་ཤེས་ཡོན་པའི་སྡེ་ལ་གཡོ་འགུལ་གཏོང་བ་མ་ཟད་དེང་རབས་ཅན་གྱི་ཤེས་ཡོན་པ་མང་པོ་ནང་འདྲེན་གནང་དང་གནང་བཞིན་པ་དང་། གཞི་རྒྱ་ཆེ་བའི་ཡིག་རྨོངས་པའི་སྡེ་ལ་ཡིག་རྨོངས་སེལ་བ་དང་། ཚན་རིག་དང་བསམ་བློ་གསར་པའི་སློབ་གསོའི་ལས་འགུལ་ཡང་མང་པོ་སྤེལ་བཞིན་ཡོད་སྲིད། སྤྱིར་རང་གཞན་མི་རིགས་ཚང་མར་དུས་ཀུན་ཏུ་སྐྱོན་བྲལ་ཞིག་མིན་པ་ཤེས་དགོས། དཔེར་ན་ཕྱོགས་གཅིག་ནས་བསམ་ན་མཁས་དབང་དགེ་ཆོས་དང་། དོན་གྲུབ་རྒྱལ་དང་ཡི་དམ་ཚེ་རིང་ལགས་སོགས་བོད་འདི་ལ་བརྩེ་བས་ཀུན་ནས་བསླངས་པས་གང་ལ་ཡང་མི་སྐྲག་མི་ཞུམ་པའི་སྙིང་སྟོབས་ཀྱིས་བསམ་གཞིག་རྣལ་མའི་ལམ་དུ་ཕྱོགས་པའི་སྲོལ་བཏོད་པའི་ལམ་མཁན་དུ་གྲུབ་ཡོད། རྟོགས་སད་མཁན་པོ་དང་པོ་སོགས་སུ་འབོད་བཞིན་པ་དེ་ཡིན། ཕྱོགས་གཅིག་ནས་བསམ་ན་རྟོགས་པ་རྦད་དེ་སད་མིན་འདུག མཁས་དབང་དགེ་ཆོས་ཞབས་ཀྱིས་ཆང་རག་ཚོད་མེད་མ་བཞེས་པར་མུ་མཐུད་རིག་གནས་ཐད་ལ་གཞུང་ནས་མཐུན་རྐྱེན་སྦྱར་བ་བཞིན་ཕྱག་ལས་གནང་ན་མི་འགྲིག་རྒྱུ་ཅི་ཡོད། ཁོང་སྡུག་གསོད་གཏོང་མཁན་བྱུང་མིན་འདུག དོན་གྲུབ་རྒྱལ་ནི་གསར་བཏོད་དང་ལྟུལ་ཕོད་ཀྱི་སྤོབས་པ་ཅན་ཡིན་པས་ཁོང་ལ་རིག་གསར་གྱི་རྡུང་རྡེག་ཕོག་མེད་པས་རང་སྲོག་བཅད་པ་ལས་མུ་མཐུད་སྨྱུ་གུའི་འཐབ་རྩོད་བྱས་ན་མི་འགྲིག་རྒྱུ་ཅི་ཡོད། ཡི་དམ་ཚེ་རིང་མཆོག་ཉིད་བོད་རིགས་ལ་རྒྱ་ཅན་ངོ་མ་ཡིན་པས་བོད་ཡིག་མི་ཤེས་པའི་ཐུགས་ཕམ་གནང་བ་ལས་ལོ་རབས་བརྒྱད་ཅུའི་མགོ་ནས་བོད་ཡིག་སྦྱངས་ན་གོ་སྐབས་ཡོད་པས་མི་འགྲིག་པ་ཅི་ཡོད།

ཡིད་སྐྱོ་དགོས་པ་ཞིག་ལ་སློབ་ཆེན་རྟོགས་སད་པ་ཚོ་ནི་མེས་པོའི་དུས་རབས་དང་རང་ཉིད་ཀྱི་དུས་རབས་མི་འདྲ་བ་དང་། སྤྱི་ཚོགས་མི་འདྲ་བ་དང་། ཁོར་ཡུག་མི་འདྲ་བ་སོགས་ལ་དབྱེ་བ་ཕྱེ་མི་ཤེས་ལ། དུས་རབས་གཅིག་པ་ཡིན་པར་བརྩི་བཞིན་དུ་དམའ་འབེབས་གཏོང་མཁན་ཁོ་ནར་ཆགས་འདུག མེས་པོ་ཚོས་ཁོ་ཚོའི་ལེགས་སྐྱེས་འབུལ་སའི་གོ་སྐབས་འཕྲོག་པའམ་བཀག་པ་ཨེ་ཡིན་ནམ། དོན་དངོས་ཐོག་སོ་སོའི་ཕོར་པའི་ཆེད་དུ་ཡིན་པ་ལས་མང་ཚོགས་དང་མི་འདྲ་བའི་ཤེས་ཡོན་ཅན་གྱི་ཤུལ་ངོམས་རིན་ཡོད་པ་ཅི་ཡང་བསྟན་རྒྱུ་མི་འདུག ངས་རྒྱུ་མཚན་མེད་པར་ཞྭ་མོ་གཡོགས་པ་རྩ་བ་ནས་མིན། ན་གཞོན་མཁས་རློམ་མང་པོའི་ངར་རྩོམ་ལ་བལྟས་ན། བལྟ་རྒྱ་དང་མཐོང་རྒྱ་བསམ་རྒྱ་ཡོད་པའི་བཟོ་ཞིག་འདུག་ན་ཡང་ཞིབ་པར་མྱོང་རོལ་བྱས་ན་རྒྱལ་སྤྱིའི་ཕྱོགས་རྐྱང་པའམ་རྒྱལ་ནང་གི་ཆ་ཙམ་ལས་མཐོང་མིན་འདུག་ཅིང་། དེ་ཡང་མིག་མདུན་གྱི་དངོས་པོའི་དཔལ་ཡོན་གྱི་ངལ་དུབ་མཐོང་མི་འདུག་ལ། བསམ་པའི་དཔལ་ཡོན་མེད་པའི་སྐྱོ་སྣང་ཡང་ཚོར་མི་འདུག རྒྱལ་ཁབ་ཕྱི་ནང་དུ་ཡོད་པའི་བོད་རིགས་མཐོ་རིམ་དང་ཤེས་ལྡན་པ་ཚོས་ང་ཚོར་མ་འདང་བའི་ཆ་མང་པོ་ཡོད་པ་མཐོང་ཟིན་ཡོད་ལ། རིམ་པས་བསྒྱུར་བཅོས་བྱེད་མགོ་ཚུགས་ནས་ལོ་མང་ཕྱིན་ཟིན་ཡོད་པ་མཐོང་དགོས། ཁྱོད་དང་བསྡུར་ན་ཁོང་རྣམས་ལོ་ལྔ་བཅུའི་གོང་ནས་རྟོགས་པ་སད་ཟིན་ཡོད་པས། ཁྱེདརང་སྤོབས་པ་བྱེད་རིན་མེད་ལ། དེ་བས་རང་མི་རིགས་ལ་གནས་མཐར་ཕན་པའི་རིག་གནས་དང་བསམ་བློ་གསར་པ་ནང་འདྲེན་གྱིས་རིགས་གཅིག་རྐང་འཛིན་ཞིག་བྱས་ན་རྟོགས་སད་པ་དོན་མཐུན་དུ་བརྩི་ཆོག

ད་ལྟ་རྩིས་རིག་དང་། ས་ཁམས། གཏེར་ལས། གློག་ལས། གཤག་བཅོས། འཕྲིན་གཏོང་། སྨན་རིག གནའ་དཔྱད། འགྲིམ་འགྲུལ། དམག་དོན། སྲིད་འཛིན། རོལ་དབྱངས། ཁྲིམས་སྲོལ། ཚོང་ལས། རྩིས་འཁོར་སོགས་ལ་བོད་མི་ན་གཞོན་རིགས་གཅིག་རྐང་འཛིན་ཁ་ཤས་ཐོན་པ་འདི་ཚོ་དངོས་གནས་རྩལ་ཆེན་རེད། ང་ཚོ་ན་ཆུང་ཚོ་མིང་རྟོགས་སད་ལ་དགའ་བ་ལས་དོན་དངོས་རྟོགས་སད་པ་ཞིག་ཆགས་མི་འདུག དངོས་གནས་རང་རིགས་ལ་ཤ་ཚ་ཡོད་ན་ད་ལྟ་དང་འབྱུང་འགྱུར་ལ་ཕན་པའི་གནད་དོན་ལས་བརྩམས་པའི་བདེན་གཏམ་ཤོད་དགོས་པ་ལས་མ་ཉེས་ཁ་གཡོག་གིས་ཧམ་པ་ཤོད་མི་རུང་ལ། ང་ཚོའི་འདང་བ་དང་མ་འདང་བའི་ཆ་ལ་དབྱེ་ཞིབ་ནན་ཏན་བྱས་ནས་དྲང་པོ་དགོས་པ་ལས་ངོ་དགའ་དང་འུར་བསྟོད་ཀྱང་བྱེད་མི་རུང་་ལ། སྤྱི་ཚོགས་དང་ཁོར་ཡུག་ཤེས་རིག་གི་བཀག་རྒྱ་ཐེབས་པའི་མེས་པོ་ལ་ངན་དམད་དང་། ཁུངས་མེད་སྐྱོན་འདོགས་ཀྱིས་གང་བྱུང་དཀྲོག་བརྡ་ཡང་སློང་མི་རུང་།

དེ་བས་ཟབ་དགོས་པ་ནི་གཏམ་གླེང་རང་དབང་གི་དར་ཆ་ལ་བརྟེན་ནས་རང་ཉིད་ཀྱི་མིང་དེ་ཀུན་གྱིས་ཤེས་པའི་མིང་གྲགས་ཅུང་ཟད་ཐོབ་པའི་རེ་བའམ། རྩོམ་པ་པོའམ་རྟོགས་སད་པའམ་བསམ་བློ་བ་ཡིན་མདོག་སྟོན་ཆེད་དུ་དཔྱད་རྩོམ་ཆལ་མ་ཆོལ་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ལ་སྨན་རྒྱུའི་ཚབ་ལ་མིས་འཕྱ་ཁྱིས་ཁྲེལ་གྱི་སྨྱོ་རྩོམ་སྤེལ་མི་རུང་། རང་དམའ་རང་འབེབས་ཀྱི་འཆལ་རྩོམ་དང་། སྙན་ངག་མཁན་དང་རྩོམ་པ་པོའི་མིང་སྟོང་པའི་ཆེད་དུ་དུས་ཚོད་དང་དངུལ་བརླག་བྱེད་ཀྱི་དུས་དེབ་དང་ཆེད་དེབ་དང་། སྙན་དེབ་ཏུ་མིང་བཏགས་པའི་ཡིག་ཉོག་འདྲ་འདྲེས་ཀྱི་རིགས་ཀྱང་སྤེལ་མི་རུང་། དེ་དག་གི་ང་ཚོའི་རྟོགས་པ་སད་རྒྱུ་དང་། འཚོ་གནས་ལ་ཕན་རྒྱུའི་ཚབ་ལ་ནང་དམེ་སོགས་གནོད་བྱེད་སྐྱེལ་བཞིན་པ་ཡིན་པས། ད་ཆ་གཟུར་གནས་རྣམས་རིག་གནས་ཀྱི་གད་སྙིགས་ལ་སུན་ནས་མགོ་གཡུག་གིན་ཡོད་པ་མ་ཡིན་ནམ། དེ་བས་ཀྱང་ངོ་ཚ་དགོས་པ་ཞིག་ནི། སྐྱ་སེར་གཉིས་ཀའི་ནང་དུ་ཕྱི་ནང་གཉིས་ཀར་རང་ཉིད་ཕམ་པའི་སྡུག་ནད་དང་། མི་དོ་བའི་སྙིང་ནད། སྒེར་གྱི་འཁོན་ལན་སློག་ཆེད་བོད་ཀྱི་སྤྱི་དོན་དང་ཉ་ཉུང་མཉམ་བསྲེས་ཀྱིས་གང་བྱུང་སྐྱོན་འདོག་དང་ངན་དམད་རུས་གཤེ་བྱ་བའི་ཡིག་ཉོག་སྤེལ་མཁན་འདི་ཚོ་རེད། འདི་ཚོའི་ཁ་ལ་མི་རིགས་ཀྱི་ལ་རྒྱ་བཤད་ན་ཡང་དོན་ལ་བོད་མི་རིགས་ལ་འགན་སྤུ་ཉག་ཙམ་འཁུར་མེད། གལ་ཏེ་འཁུར་ཡོད་ན་དུས་སྐབས་འདིར་སྒེར་གྱི་འཁོན་ལན་དང་སྤྱི་དོན་མཉམ་བསྲེས་ཀྱིས་ལས་ངན་འདི་འདྲ་བརྩམས་མི་སྲིད། རྟོགས་སད་པ་བརྫུན་མ་ཚོས་ཡིད་འཇོག་བྱ་དགོས་ཞིག་ནི། རང་གི་ཤེས་ཡོན་ཚད་མར་བཟུང་ནས་ནང་རིག་ལ་ཁུངས་མེད་དང་། རེ་སྒུག་པ། རུལ་སུངས་ཀྱི་རྒྱུ་ཆ་ལ་ངོས་འཛིན་དགོས་པའི་སྐད་ཅོར་འདི་དག་མ་བརྒྱབ་པར་མཚམས་བཞག་ན་ལེགས། ངས་འདིར་ནང་རིག་ལ་ཁུངས་མེད་པ་དང་། ཕན་དོགས་མེད་པ་དང་། ཚན་རིག་དང་མི་མཐུན་པ་རྨོངས་དད་ཡིན་པའི་གནོང་གིས་སྐད་ཅོར་མ་བརྒྱབ་ཟེར་གྱི་མེད། ད་ཆ་རྒྱལ་སྤྱིའི་ཐོག་སེམས་ཁམས་རིག་པའི་ལས་རིགས་ནང་དུ་ཀུན་གྱི་བསྔགས་བརྗོད་ཞུ་བ་མ་ཟད། ཕྱིའི་ཚན་རྩལ་ཐད་ནུབ་ཕྱོགས་ལ་སུས་ཀྱང་མི་དོ་ལ། ནང་གི་ཚན་རྩལ་ཐད་ཤར་ཕྱོགས་པའི་ནང་རིག་པ་ལ་སུས་ཀྱང་མི་དོ་ཞེས་འབོད་བཞིན་པ་མ་ཡིན་ནམ།

ཁྱེད་རང་ལ་ནང་རིག་མི་མཁོ་བ་བདེ་ཡང་། མིའི་རིགས་དང་བོད་རིགས་ལ་མཁོ་བ་ཡོད་ནས་ད་བར་རྒྱུན་འཛིན་བྱས་ཡོད། མིའི་རིགས་ལ་དངོས་པོའི་ལོངས་སྤྱོད་ཁོ་ནས་མི་འགྲིག་པར་བསམ་པའི་ལོངས་སྤྱོད་ངེས་པར་དུ་དགོས་པ་ཚན་རིག་མཁས་པ་ཚོས་ཀྱང་ཤེས་ཡོད་ལ། ད་ལྟ་སེམས་ཁམས་རིག་པའི་མ་ལག་ཐད་ལ་བསམ་གཞིག་ཀྱིས་ཚང་མས་དོ་འཁུར་བྱེད་བཞིན་པ་མ་ཐོས་སམ། ཁྱེད་ཀྱི་སྔོན་དུ་རྟོགས་པ་སད་པའི་མགོ་སེར་ཚོས་ཀྱང་ནང་རིག་ཉམས་ལེན་བྱེད་བཞིན་པ་མ་ཡིན་ནམ། གལ་ཏེ་ཁྱེད་ཀྱིས་ནང་རིག་རྩ་མེད་བཏང་ནས་དེ་ལས་ལྷག་པའི་བོད་དང་། རྒྱལ་སྤྱི་ལ་བསམ་པའི་རྒྱགས་ཕྱེའམ་སེམས་ཀྱི་ལོངས་སྤྱོད་སྔར་མེད་ཞིག་གསར་དུ་བཏོད་ཡོད་ན་ཆ་འཕྲིན་གྱི་དུས་རབས་འདིར་ཚང་མས་དང་ལེན་བྱ་ངེས་རེད། ང་ཚོ་ལ་དགོས་པ་ནི་ཚང་མའི་ལུས་སེམས་བདེ་ཐང་ལ་གནས་མཐར་ཕན་པ་ཞིག་དང་། མི་དགོས་པ་ནི་ཚང་མའི་ལུས་སེམས་བདེ་ཐང་ལ་གནས་མཐར་གནོད་པ་ཞིག་ཡིན་པས་རེད།

ད་དུང་བཤད་དགོས་པ་ང་ཚོའི་རྟོགས་སད་པ་ཚོས་བླ་གྲྭ་དགོན་གསུམ་རྩ་མེད་མ་བཏང་ན་བོད་ལ་ངོ་མའི་བདེ་སྐྱིད་ཟེར་སྐད་འབོད་བྱེད་བཞིན་ཡོད། བཤད་འདོད་པ་ནི་ཆོས་སྲིད་ཟུང་འབྲེལ་གྱིས་ལམ་ལུགས་མི་དགོས་ལ། ཆོས་སྲིད་ཟུང་འབྲེལ་གྱི་རིག་གནས་དང་། ཆོས་སྲིད་ཟུང་འབྲེལ་གྱི་གོམས་སྲོལ་ཡང་མི་དགོས་ཟེར་བ་འདི་རེད། རྒྱུ་མཚན་བོད་ཀྱི་ཕམ་ཁ་ཚང་མ་ཆོས་སྲིད་ཟུང་འབྲེལ་གྱིས་བཟོས་པ་རེད་ཅེས་གང་སར་གླེང་བཞིན་པ་འདི་རེད། འདི་ཡི་ཐད་ལ་སེར་མོ་བ་གཙོ་བོར་གྱུར་པས་ཞིབ་འཇུག་ནན་ཏན་བྱེད་དགོས། དུས་རབས་བསྒྱུར་མཚམས་ཀྱི་མི་རིགས་ཤིག་གི་ལས་དབང་དང་འབྲེལ་བའི་གནད་དོན་གལ་པོ་ཆེ་ཞིག་རེད། རང་རེའི་ལོ་རྒྱུས་ཐོག་བླ་གྲྭ་དགོམ་གསུམ་གྱིས་ཕན་ཐོགས་ཡོད་ནས་ད་བར་གནས་པའི་རྒྱུ་རྐྱེན་ཡོད་པ་ཡིན་ལ། རྒྱུ་མཚན་ད་བར་བླ་གྲྭས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རྒྱུན་བརྐྱངས་ཡོད་པ་འདི་རེད། བླ་གྲྭ་དགོན་གསུམ་དང་འབྲེལ་བའི་མ་འདང་བའི་ཆའམ་རྒྱུ་རྐྱེན་ཡང་ཡོད་པ་ཤོད་མི་དགོས་པ་ཞིག་རེད། བླ་གྲྭ་དགོན་གསུམ་གྱིས་མ་འདང་བ་དང་ནང་རིག་པ་མཉམ་བསྲེས་གཏན་ནས་བྱ་མི་རུང་། ད་ལྟ་ན་གཞོན་ཚོས་ནང་ཆོས་དང་གང་ཟག་མཉམ་བསྲེས་བྱས་པ་ལས་དབྱེ་བ་ཕྱེ་ཐུབ་ཀྱི་མེད་པ་འདི་རེད་ལ། བླ་གྲྭ་དགོན་གསུམ་གྱིས་ཀྱང་སྔར་གྱི་སྲོལ་ཀུན་ནང་ཆོས་དང་མཉམ་བསྲེས་ཀྱིས་མཐུན་པ་ཡིན་རྐྱང་བརྩིས་ཡོད་པ་དེ་རེད། དཔེར་ན། རྡུལ་ཕྲན་གྱི་མཚོན་ཆ་བཟོས་ནི་ཚན་རིག་གི་སྐྱོན་མིན་པར་གང་ཟག་གི་སྐྱོན་ཡིན་པ་ལྟར་དོན་དངོས་ཐོག་ང་ཚོའི་མ་འདང་བ་ནི་ཆོས་བྱེད་གང་ཟག་གི་སྐྱོན་ཡིན་པ་ལས། ནང་རིག་གི་སྐྱོན་གཏན་ནས་མ་རེད། གལ་སྲིད་བླ་གྲྭ་དགོན་གསུམ་གྱི་མ་འདང་བ་དེ་ནང་རིག་གིས་ལན་པ་ཁོ་ན་རེད་ཟེར་ན། རྡུལ་ཕྲན་མཚོན་ཆའི་ནོར་འཁྲུལ་དེ་ཨེ་ཡིན་སི་ཐན་གྱི་ལྟོས་བཅས་རིག་པའི་ནོར་འཁྲུལ་ཡིན་ཟེར་བ་དང་། གུང་ཁྲན་ཏང་ཡོན་གྱི་བྱ་སྤྱོད་ཀྱིས་མ་འདང་བ་དེ་མར་ཁེ་སེའི་གུང་ཁྲང་ཏང་གི་རིག་གཞུང་གིས་མ་འདང་བ་ཁོ་ན་རེད་ཟེར་ན་འགྲིག་གམ། སྔོན་དུས་འབྲུག་པ་ཀུན་ལེགས་དང་ཆོས་པ་ཚོས་ཐེར་འདོན་དགག་རྒྱག་མང་པོ་མཛད་པ་ནི་ཆོས་བྱེད་གང་ཟག་གི་སྐྱོན་ལ་གསུངས་པ་མ་ཡིན་ནམ།

རྒྱུ་མཚན་གཞན་ནི་བླ་གྲྭ་ལ་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་གུས་ལུགས་ལྟར་ཕྱག་འཚལ་དགོས་པས། དེ་ནི་དེང་རབས་ཀྱི་དམངས་གཙོ་དང་འདྲ་མཉམ་དང་འགལ་བ་ཞིག་རེད། རྒྱུ་མཚན་ནི་ཕྱག་འཚལ་བ་ནི་བྲན་གཡོག་ལམ་ལུགས་ཀྱི་སྲོལ་ཡིན་པས་ང་ཚོ་ལ་ཕྱག་འཚལ་ས་ཞིག་མི་དགོས་ཟེར་བཞིན་ཡོད། ཕྱག་འཚལ་བ་ནི་གནའ་རབས་ཀྱི་གུས་བཏུད་ཀྱི་དོན་ཡིན་པ་རེད། གུས་བཏུད་ཞུ་མི་དགོས་ན་འདྲ་མཉམ་ཡིན་པ་བརྩི་བཞིན་ཡོད། ད་ལྟ་དམངས་གཙོ་དང་འདྲ་མཉམ་ཡིན་པའི་རྒྱལ་སྤྱིའི་ཐོག་ལ་བསམ་ན། མཉམ་འབྲེལ་རྒྱལ་ཚོགས་ནས་བཟུང་རྒྱལ་ཁབ་ཁག་གི་མཐོ་རིམ་པ་ནས་སྲིད་འཛིན་རིམ་པ་ཁག་དང་ལས་རིགས་ཁག་གི་མགོ་ཁྲིད་དང་མང་ཚོགས་གང་བྱུང་ཐུག་མི་ཆོག་པ་དང་། ཐུག་ཚེ་ཚང་མས་གུས་བཏུད་ཀྱིས་ཀ་འཚེར་འཚེར་དང་སྒྱིད་པ་ཞ་ཞ་ལྕེ་ནར་ནར་ཞུ་མི་དགོས་པ་གཅིག་ཀྱང་མི་འདུག་པས་ཁོ་ཚོའི་དེ་དམངས་གཙོ་དང་འདྲ་མཉམ་ཡིན་ནམ། མཐོ་རིམ་དཔོན་རིགས་ཀྱིས་མཇལ་ཁ་གནང་བ་དང་། ལག་འཇུ་བྱས་པར་ཕྱག་བཏང་གནང་བ་ཞེས་གཟིགས་སྐྱོང་ཐོབ་ལུག་གསར་འགྱུར་དུ་བཀོད་བཞིན་པ་མ་ཡིན་ནམ། དེ་དང་ཕྱག་འཚལ་བ་མི་འདྲ་ཟེར་ན། སོ་སོས་དགའ་ཞེན་གྱིས་གུས་ཕྱག་འཚལ་བ་ལས་ཡིན་གཅིག་ཕྱག་མ་འཚལ་ན་མི་འགྲིག་པའི་གཏན་འབེབས་གཏན་ནས་མེད་པ་ཤེས་དགོས། དེང་དུས་མཐོ་རིམ་བླ་སྤྲུལ་ཚོས་གཞན་ལ་འདྲ་མཉམ་གྱིས་ལག་འཇུ་མ་བྱས་པར་ཚང་མར་ཕྱག་འཚལ་བཅུག་པའི་དཔང་པོ་སུ་ཡོད། དཔང་རྟགས་གང་དང་གང་ཡོད། འོལ་ཚོད་བཤད་དྲག་ན་རང་དམའ་རང་འབེབས་མ་ཡིན་ནམ། ཕྱག་མ་འཚལ་ན་མཇལ་ཁ་གཏོང་གི་མིན་ཞེས་ལོ་རྒྱུས་ཐོག་དང་ད་ལྟའི་དུས་སུ་གང་དུ་ཡི་གེ་བཀོད་ཡོད་པ་སྟོན་ཅིག

ད་ལྟ་སྤྲུལ་སྐུའི་སྲོལ་རྩ་མེད་གཏོང་དགོས་ཟེར་བཞིན་ཡོད། ང་ཚོར་ཕན་ཐོགས་མེད་ན་རྩ་མེད་མ་བཏང་ཀྱང་རང་བཞིན་གྱིས་མེད་པར་འགྲོ་གི་རེད། དཔེར་ན་ད་ལྟ་སྦག་སྦག་དར་སྟབས་རྟའི་རིན་ཐང་དང་གནས་བབ་རིམ་བཞིན་ཤོར་བ་ནང་བཞིན་རེད། ཕན་ཐོགས་ཡོད་བཞིན་དུ་རྩ་མེད་བཏང་ན་རིག་གསར་སྐབས་ཀྱི་རྩ་གཏོར་ནང་བཞིན་རེད། ད་ལྟ་ཕྱོགས་གཅིག་ནས་བསན། རྟོགས་སད་པ་ཚོས་སྤྲུལ་སྐུ་ནི་གོང་གསལ་བཞིན་དམངས་གཙོ་དང་འདྲ་མཉམ་གྱི་བཀག་རྡོ་གཙོ་བོ་དང་། ཆོས་སྲིད་ཟུང་འབྲེལ་གྱི་སྲོག་རྩ་དང་། བོད་པའི་གཉའ་གནོན་ཆེ་ཤེས་དེ་ཡིན་པ་ངོས་འཛིན་བྱེད་ཀྱིན་ཡོད་ལ། སེར་མོ་ཚོས་ཀྱང་དགེ་བཤེས་དང་མཁན་པོ་ཚོའི་གཉའ་གནོན་དང་། ནང་བསྟན་ཡར་རྒྱས་ཀྱི་བཀག་རྡོ་ཆེ་ཤོས་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ལ། རྩ་མེད་གཏོང་དགོས་པའི་སྐད་འབོད་ཤུགས་ཆེན་བྱ་བཞིན་ཡོད་པ་འདི་རེད། དེ་ཚོ་ལ་རྒྱུ་མཚན་ཡོད་པ་ཁས་ལེན་དགོས་ལ་བརྟག་དཔྱད་ཞིབ་འཇུག་ཀྱང་བྱ་དགོས། ཕྱོགས་གཞན་ཞིག་ནས་བསམ་ན། སྲིད་གཞུང་དང་གཞུང་གི་མགོ་ཁྲིད་ལས་ལྷག་པའི་དམིགས་བསལ་གྱི་ནུས་ཐོན་མཁན་གྱི་མི་སྣ་ཡིན་པ་ངོས་འཛིན་གྱིས་ཡང་སྲིད་ངོས་འཛིན་ཐད་ཚོད་འཛིན་བྱེད་བཞིན་ཡོད་ལ། འཛམ་གླིང་གི་ངོས་ནས་བཤད་ན་སྤྱིར་ད་ལྟ་བོད་རིགས་ནི་མིའི་རིགས་ཀྱི་ཁྲོད་དུ་ཉམས་དམའ་ཞིང་མི་རིགས་གཞན་གྱི་ངོ་ལ་བལྟས་ནས་གནས་དགོས་པ་ཆགས་ཡོད་ལ། བླ་སྤྲུལ་ཚོས་མི་རིགས་གཞན་དག་རང་་གི་སློབ་མར་བསྡུ་བ་སོགས་མི་རིགས་གཞན་གྱི་ཁྲོད་དུ་བོད་མི་སྤྱིར་བཏང་བ་ཕར་ཞོག ཤེས་ལྡན་པ་དང་རྟོགས་སད་པ་སུས་ཀྱང་མི་འཇོན་པའི་བོད་ཀྱི་རིག་གནས་ཁྱབ་སྤེལ་དང་སྲུང་སྐྱོབ་ཀྱི་ནུས་པ་ཐོན་བཞིན་ཡོད་པ་འདི་རེད། ནུབ་ཕྱོགས་ཀྱི་གྲགས་ཅན་སློབ་ཆེན་ཚང་མའི་བོད་རིག་པའི་དགེ་རྒན་ཆེ་མོ་མང་ཆེ་བ་བླ་སྤྲུལ་ཤ་སྟག་རེད། རྒྱལ་སྤྱིར་བོད་རིགས་དང་བོད་རིག་པར་དོ་སྣང་སླེབས་པའི་རྩ་བའི་སྒུལ་ཤུགས་ཀྱང་ཡིན་པ་ཤེས་གསལ་རེད། བླ་སྤྲུལ་སྒེར་གྱི་རུལ་སུངས་ནི་སྒེར་གྱི་ཞན་ཆ་ཡིན་པས་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀར་དབྱེ་ཞིབ་བྱེད་དགོས་པ་ལས་གང་བྱུང་གིས་སྤྱི་ལ་འགེབ་ག་ལ་རུང་། ཕན་ཐོགས་དགེ་བ་ཅན་དང་ཕན་མེད་གནོད་སྐྱེལ་སོ་སོར་འབྱེད་དགོས་པ་དང་། བདེན་པ་དང་ནོར་འཁྲུལ་སོ་སོར་ཕྱེས་ནས་ལེགས་སྤེལ་ཉེས་འགོག་ལ་ཆེ་ཕྲ་ཚང་མས་འགན་འཁུར་དགོས་པ་ཤིན་ཏུ་གལ་ཆེ། རྟོགས་དགོས་པ་ཞིག་ནི་ད་ལྟའི་སྤྲུལ་སྐུ་ན་གཞོན་དང་མཁན་པོན་གཞོན་མང་ཆེ་བ་གྲོང་འཁྱམས་དུ་གྱུར་ཏེ། ཕན་ཐོགས་མེད་པ་མ་ཟད། བསྟན་གནོད་དུ་འགྱུར་བ་འདི་ལས། སྤྲུལ་སྐུའི་ལམ་ལུགས་རིམ་བཞིན་ཉམས་དམད་དང་། མཐར་རྩ་མེད་དུ་འགྲོ་རྒྱུའི་རང་རྟགས་བསྟན་བཞིན་པ་མ་ཡིན་ནམ། ང་ཚོས་མིག་མདུན་གྱི་སྣ་ཁུག་ཙམ་མ་ཟད་ཕྱོགས་ཚང་མ་མཐོང་དགོས། ཚང་མ་མཐོང་ན་རྟོགས་སད་པ་དངོས་ཡིན་པ་མཚོན་ཐུབ།

གསལ་བཤད༽ གོང་གི་རྩོམ་ཡིག་དེ་ནི་གཞི་ལུས་བོད་ཀྱི་རྩོམ་པ་པོ་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་དེབ་༼བོད་རེ་བ་ཅན་༽ཞེས་པ་དེ་ནས་བཏུས། དེབ་དེར་སྤྱི་ཚོགས་ནང་གི་དགེ་སྐྱོན་གསལ་བར་དཔྱད་བསྡུར་བྱས་ཏེ་བརྗོད་གཞི་ མི་འདྲ་བའི་ཚན་པ་དྲུག་བཅུ་ར་དྲུག་དཔྱད་བརྗོད་མཛད་པའི་ཕྱག་དེབ་ཞིག་རེད། ཁོང་ནི་ཤེས་ཡོན་ཅན་ཞིག་ཡིན་མིན་ཁོ་བོས་ཁ་མཚོན་མི་ཆོད་ཀྱང་མི་རིགས་ཀྱི་ལ་རྒྱ་ཅན་ཞིག་དང་རིག་གཞུང་ལ་དུང་ཞེན་ཆེ་བ་འདས་མ་ད་གསུམ་གྱི་སྤྱི་ཚོགས་ཀྱི་སྐྱོན་ཡོན་ལ་གཟུར་པོར་གནས་པའི་ངང་དཔྱད་པ་བྱེད་པའི་སྙིང་སྟོབས་ཅན་ཞིག་ཡིན། ཕྱོགས་གཅིག་ཁོ་ན་ལས་མི་མཐོང་བའི་ང་དང་ང་དང་འདྲ་བའི་དྲྭ་གྲོགས་ཚོར་ཐུགས་ཕན་གསེལ་རེས་ཕྲན་ནས་འདིར་འདྲེན་པ་ཡིན།