གྲྭ་སའི་དཔེ་ཆ་བ་ཞིག་ལ་སྤྲིངས་པ།

བདག་ཀྱང་ཕ་ཡུལ་དྲན་མྱོང་།། 

སྔོན་གྱི་མཁས་པའི་བསླབ་བྱ།། 

སེམས་ལ་དྲན་ཐེངས་རེ་ལ།། 

ཕ་ཡུལ་གཏིང་བརྗེད་འགྲོ་གི།། 

གདན་སར་ཡུན་དུ་བཞུགས་ནས།། 

ཀུན་སློང་རྣམ་པར་དག་པས།། 

གཞུང་ཆེན་བཀའ་པོད་ལྔ་ལ།། 

སློབ་གཉེར་ཚུལ་བཞིན་བྱོས་དང་། 

ཕ་མ་སྤུན་མཆེད་ཚོ་ལ།། 

ཞབས་ཕྱིས་རྒྱུ་རུ་འགྱུར་ན།། 

དཀའ་མོ་ལམ་འདི་བརྒྱུད་དང་།

ནམ་ཡང་བསླུ་བ་མེད་དོ།།

གནམ་གཤིས་འགྱུར་ལྡོག་དེ་ཡང་།།

འཛམ་གླིང་ཡོངས་ཀྱི་གནས་སུ།།

འགྱུར་ལྡོག་འདྲ་མིན་འགྲོ་བ།།

འཇིག་རྟེན་ཆོས་ཉིད་ཡིན་ལ།།

གནམ་གཤིས་འགྱུར་ལྡོག་ཙམ་གྱིས།།

ཕ་ཡུལ་དྲན་དུ་བཅུག་ན།།

བསླབ་པ་སློབ་ལས་དཀའ་ཚེ།།

དེ་ལས་མང་བ་དྲན་སྲིད།།

ཕ་ཡུལ་བདུད་ཀྱི་བཙོན་ར།།

ཕ་མ་བདུད་ཀྱི་ཞགས་པ།།

སྔོན་གྱི་མཁས་པའི་གསུང་དེ།།

ཁྱེད་ལ་གདམ་ངག་སྟེར་རོ།།

ནད་དང་ན་ཚ་མེད་ཅིང་།།

བློ་དང་རིག་པ་གསལ་བས།།

རིག་པའི་གཞུང་ལུགས་ཆེན་མོར།།

རྟག་གུས་སྦྱོང་བརྩོན་གྱིས་ཤིག

བསླབ་ལ་མུ་མཐུད་བརྩོན་དང་།།

ལས་འབྲས་བསླུ་བ་མེད་ལ།།

ཆོས་ཉིད་བདེན་པའི་སྟོབས་ཀྱིས།།

རིག་པའི་རྒྱལ་པོར་འགྱུར་ཡོང་།།