གྲྭ་པ་བཙན་ཁྲིད་བྱས་པ་རྣམས་གར་ཡོད་རྒྱ་ནག་གིས་གསལ་པོ་བཟོ་དགོས།
ཕྱི་ལོ་༢༠༡༡ ཟླ་༦ ཚེས་༨ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝཱ་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་འཚོག་བཞིན་པའི་སྐབས་དང་བསྟུན་ནས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་འཁྲིད་འོག་གར་སོང་ཆ་མེད་དུ་གྱུར་པའི་གནད་དོན་རྟོག་ཞིབ་ཚོགས་ཆུང་གིས་རྒྱ་ནག་གཞུང་གི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པ་རྣམས་དང་། ལྷག་པར་ཀིརྟི་དགོན་པའི་དགེ་འདུན་པ་སུམ་བརྒྱ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གར་སོང་ཆ་མེད་དུ་གྱུར་པ་རྣམས་ཀྱི་གནས་སྟངས་ཐོག་སེམས་འཚབ་ཆེན་པོ་ཡོད་སྐོར་གསུངས་པ་མ་ཟད། ཁོང་རྣམས་གང་དུ་ཡོད་མེད་དང་གནས་སྟངས་ཇི་འདྲ་ཡིན་མིན་སྐོར་ལ་རྒྱ་ནག་གཞུང་གིས་གསལ་བཤད་དགོས་པའི་རེ་འདུན་འདོན་པའི་སྙན་ཞུ་ཞིག་ཕུལ་ཡོད་འདུག
སྙན་ཞུའི་དེའི་ནང་འཁོད་དོན། རྒྱ་ནག་སྲིད་གཞུང་གིས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་དགེ་འདུན་པ་རྣམས་ཀྱི་གནས་སྟངས་ཇི་འདྲ་ཡིན་མིན་སྐོར་ཞིབ་ཕྲ་གསལ་བཤད་གནང་དགོས་པ་མ་ཟད། དོན་རྐྱེན་དེ་དག་ལ་འབྲེལ་ཡོད་དབང་འཛིན་པ་ཚོས་ཞིབ་འཇུག་ནན་པོ་བྱས་ཏེ་ཉེས་པ་ཆེ་ཆུང་ལ་གཞིགས་པའི་ཁྲིམས་གཅོད་བྱེད་དགོས། ཕྱོགས་མཚུངས་བཙན་འཁྲིད་བྱས་པའི་བཙོན་པ་སུ་ཡིན་རུང་བཙོན་པ་དེའི་ནང་མི་ཚོར་ཁོང་གང་དུ་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཡིན་གནས་ཚུལ་གསལ་པོ་འགྲེལ་བཤད་བྱེད་དགོས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་བཞག་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་དགོས་ཞེས་སོགས་འཁོད་ཡོད་པ་རེད།།
བོད་མིའི་སྒྲིག་འཛུགས་དྲ་བ་ནས་བཏུས།
