རྣམ་དཔྱོད་དང་དགག་སྒྲུབ་ལ་དགའ་བའི་ང་ཚོ།
ཆེས་སྔ་མོར་རང་རེའི་མེས་པོ་ཚོས་རྣམ་དཔྱོད་དང་དགག་སྒྲུབ་གལ་ཆེན་དུ་བརྩི་བར་བརྟེན། མཛངས་དང་དཀྱེལ་དང་འཕྲུལ་ཞེས་རྩིས་ཆེན་དུ་འཛིན་པ་མ་ཡིན་ནམ། སུམ་གཉིས་ས་ཡི་ཁྱོན་ལ་དབང་བསྒྱུར་བ་ཡང་རྣམ་དཔྱོད་ལ་བརྟེན་པ་ལས་བྱུང་བ་ཞིག་རེད། ནང་བསྟན་བོད་དུ་གདན་དྲངས་པའི་དམིགས་ཡུལ་ཡང་རང་རེའི་རྣམ་དཔྱོད་ཀྱི་སྒོ་འཕར་ཕྱེ་བའི་ཆེད་དུ་རེད་ལ་ཚད་མ་རིག་པའང་དེའི་ཆེད་དུ་རེད། དེ་བཞིན་ལེགས་བཤད་མང་པོ་བརྩམས་པར་མཛད་པའང་རྣམ་དཔྱོད་གོང་འཕེལ་གྱིས་ཕྱི་རོལ་ཡུལ་གྱི་བྱ་དངོས་དང་། ནང་སེམས་ཀྱི་འགལ་ཟླ་སོགས་ལ་རྣམ་དཔྱོད་ཀྱི་དགག་སྒྲུབ་བྱེད་པའི་ཆེད་དུ་རེད། འོན་ཀྱང་ང་ཚོའི་རིག་ལམ་དེ་དག་ནི་ནང་རིག་གྲུབ་མཐའ་དང་ཕྱི་རོལ་གྲུབ་མཐའི་བར་གྱི་དགག་སྒྲུབ་ཀྱི་རིག་ལམ་ཙམ་ལས། རང་རེའི་ཆོས་སྲིད་ལུགས་ལམ་གྱི་ཕྱོགས་ཀྱི་ནོར་འཛོལ་དང་ཉམས་རྒུད་སོགས་ལ་དགག་སྒྲུབ་ཀྱི་རྣམ་དཔྱོད་དུ་གྱུར་ཐུབ་མེད་པ་འདི་རེད།
རྒྱུ་མཚན་བཤད་ན། ང་ཚོའི་རིག་ལམ་མཁས་པ་ཚོས་རིག་ལམ་ལ་མི་ཚེ་སྒྲིལ་ནས་རྒྱ་གར་ནས་བསྒྱུར་བའི་རིག་ལམ་ཀུན་དང་དེའི་འགྲེལ་བ་སོགས་ལ་དཔྱད་བསྡུར་དང་མཐའ་དཔྱོད་ཡང་དཔྱོད་མང་པོ་མཛད་ཡོད་པ་ལས། ང་ཚོའ་འཚོ་གནས་ཀྱི་ཁོར་ཡུག་དང་། གསལ་པོར་བཤད་ན་ནང་བསྟན་རིག་པ་འཁོར་བ་མ་སྟོང་བར་གནས་སའི་རང་རེའི་འཁོར་ཡུག་ལ་རྣམ་དཔྱོད་ཀྱིས་གནས་ཐུབ་མིན་ལ་དགོངས་པ་བཞེས་ཐུབ་མེད་པས་མཚོན་ཡོད་ལ། རྒྱ་གར་གྱི་ཡིན་ཚད་ལེགས་ཆར་བརྩིས་ནས་མུ་སྟེགས་ཀྱི་ལྷ་སྒྲུང་ཡང་ནང་རིག་དང་བསྲེས་ཤིང་། རང་རེའི་ལོ་རྒྱུས་ལ་ཡང་མཉམ་བསྲེས་ཀྱི་རྫད་ཡོད། རང་གི་མེས་པོའི་ཡིན་ཚད་ཞན་ཆར་འཛིན་ནས་མཐོང་ཆུང་གི་བསམ་པའི་རླབས་རྒྱུན་དར་ཡོད། ང་ཚོས་དངོས་ཡོད་ཀྱི་འཚོ་བའི་གནད་དོན་ལ་རྣམ་དཔྱོད་དང་དགག་སྒྲུབ་བྱ་བའི་གོམས་གཤིས་མེད་སྟབས་དངོས་ཡོད་ལ་ཁ་གཏད་བཅག་པའི་ནུས་པ་ཤོར་བའི་རྨང་གཞི་བཏིང་ཡོད། ཆོས་ལུགས་གྲུབ་མཐའི་བར་གྱི་དགག་སྒྲུབ་ཀྱི་རྣམ་དཔྱོད་དེ་ཡང་བདེན་བརྫུན་ངོ་མའི་དབྱེ་འབྱེད་དུ་གནད་ལ་འཁེལ་བ་ཞིག་ཏུ་གྱུར་མེད། རང་ལུགས་ཡིན་ཚད་ཞན་ཆ་ཅན་དུ་དགག་པའི་ཐབས་ཁོ་ནར་སྤྱད་པས་ནང་བསྟན་སྤྱི་དང་བོད་བརྒྱུད་ནང་བསྟན་ཐུན་མོང་གིས་ཁས་ལེན་ཐུབ་པའི་ལྟ་སྒོམ་སྤྱོད་འབྲས་དྭངས་གཙང་ཞིག་བཞུན་བདར་བྱུང་ཐུབ་མེད། ཕྱོགས་ལྷུང་ལྟ་བ་རྒྱ་བསྐྱེད་ཀྱིས་ཆགས་སྡང་སྤོང་བྱེད་ཀྱི་ནང་ཆོས་དེ་ཆགས་སྡང་སྤེལ་བྱེད་དུ་བསྒྱུར་ནས། ད་ལྟའང་གྲུབ་མཐའ་ཕན་ཚུན་ང་ཟབ་ང་མྱུང་ང་གཙང་ང་བདེན་གྱི་འུད་སྒྲོག་ལ་འབྱམས་ཡོད་པ་མ་ཡིན་ནམ།
སྔོན་ཆད་ཁོར་ཡུག་གི་བཀག་རྒྱ་ཐེབས་པས་ཁག་མེད་རུང་། ད་ཆ་གོ་ལ་ཧྲིལ་པོ་གཅིག་ཏུ་སྦྲེལ་བའི་ཆ་འཕྲིན་གྱི་དུས་འདིར། ང་ཚོས་མིག་གཉིས་ཀྱིས་འཛམ་གླིང་ཧྲིལ་པོར་བལྟ་བ་དང་། རྣ་བ་གཉིས་ཀྱིས་ཆ་འཕྲིན་ཀུན་ཉན་ཐུབ་པ་ཡིན་པས། མི་རིགས་གཞན་གྱི་རྣམ་དཔྱོད་ལ་དཔེ་བལྟ་དགོས། གནའ་གཏམ་ལས། གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་བའི་མེ་ལོང་དགོས། ཞེས་པ་ལྟར་མི་རིགས་གཞན་གྱི་གནས་བབ་མཐོང་ཐུབ་པ་དང་། རང་ཉིད་ཀྱི་ཁོར་ཡུག་ཕྱི་ནང་གི་གནས་བབ་གཤིབ་བསྡུར་གྱིས་ངོ་ཚ་དང་སྤོབས་པ་འབྱེད་པའི་རྣམ་དཔྱོད་ཡོད་དགོས། རྐང་པ་སྤོ་ས་ལག་པས་བཟོ་དགོས་པ་ལྟར་ང་ཚོའི་ཞན་ཆ་ཁག་ངོས་འཛིན་གྱིས་ཐེར་འདོན་དགག་ཐུབ་པ་དང་། སྲོལ་རྒྱུན་གྱི་ལེགས་ཆ་རྒྱུན་འཛིན་ཐོག་གཞན་གྱི་ལེགས་ཆ་ནང་འདྲེན་གྱིས་ཡར་རྒྱས་ཡོང་ཐབས་སྒྲུབ་དགོས། རྨོངས་དད་ཀྱི་རང་བཞིན་ཅན་ཀུན་དགག་པ་དང་དོན་མཐུན་འཚོ་གནས་ལ་ཕན་པ་ཀུན་སྒྲུབ་དགོས། བརྟག་དཔྱད་ཞིབ་འཇུག་མེད་པར་དཀྲོག་གཏམ་དང་ལུང་བསྟན་གྱི་རྗེས་སུ་འགྲོ་བར་དགག་པ་དང་། འཛམ་གླིང་གི་ཡར་ཐོན་མི་རིགས་གཞན་ལྟར་ཡོང་བར་སྒྲུབ་དགོས། ང་ཚོའི་ཉི་མ་ཅི་འཁྱོལ་སྔ་བསམ་ཕྱི་བསམ་མེད་པ་དང་། རང་གིས་རང་ལ་མཐོང་ཆུང་དང་རང་གཉའ་རང་བཅོག་བྱབ་ཆུང་ཞིག་ཏུ་བཅུན་པའི་བསམ་བློ་དགག་དགོས། རང་གིས་རང་ཉིད་ལ་ཡིད་ཆེས་ཀྱིས་མིའི་དཀྱིལ་དུ་མགོ་འགྱོགས་པའི་སྤོབས་པ་སྒྲུབ་དགོས།
ང་ཚོས་སྐུ་དྲག་དང་གདུང་བརྒྱུད་དཔོན་རྒྱུད་ལམ་ལུགས་ལ་བརྩི་བཀུར་དང་། མགར་བ་སོགས་ལག་རྩལ་མི་སྣ་ལ་ཁ་མི་བསྲེ་ཞིང་གདན་གཅིག་སྟེང་མི་སྡོད་པར་མཛེ་ནད་ལྟར་འཛེམས་པའི་ལྟ་ངན་རྣམས་དགག་དགོས། རང་མི་རིགས་ཀྱི་ཕུགས་བསམ་དང་མིག་རྒྱང་ལ་འགན་མི་འཁུར་བའི་མཐོ་རིམ་དང་ཤེས་ལྡན་དང་མཁས་དབང་སོགས་ཆེ་ཕྲ་ཚང་མར་དགག་དགོས། རུས་དྲུད་མཁས་འཁུར་འཛིན་པར་དགའ་ཞིང་། རང་མགོ་ཆུ་འདྲེན་གྱི་ལམ་དུ་ཞུགས་ཏེ་བོད་རིགས་འཁྲུལ་མེད་ཡིན་རུང་མི་རིགས་གཞན་དུ་བཀར་ནས་བོད་རིགས་ནང་ཁུལ་ཁ་བྲལ་གཏོང་བ་དང་། བོད་ཀྱི་ལོ་རྒྱུས་ངོ་མ་ལ་འཁྱོག་བཤད་དང་། ལོག་འགྲེལ་སོགས་ངན་རྒུ་བྱེད་པ་དང་། བོད་ཀྱི་ས་ཆ་ཡིན་ལ་བོད་མིང་ངོ་མ་ཡོད་རུང་མིང་གསར་བ་རེ་བཏགས་ནས་གསར་བུ་མགོ་རྨོངས་དུ་བསྒྱུར་བ་དང་། བོད་རིགས་ཧྲིལ་པོ་ནམ་ཡང་ཕྱིར་མི་ལྡོག་པའི་ས་ལ་འདྲེན་པ་སོགས་རྣམ་དཔྱོད་ལོག་པར་སོང་བ་དང་། སྨྱུག་འཛིན་པ་རྫུན་ལ་དགའ་བ་རྣམས་དགག་དགོས། བོད་རིགས་ནི་བོད་རིགས་ཡིན་པར་སྒྲུབ་ཤེས་དགོས་ལ། ཕྱོགས་ཡོངས་རྫོགས་ལ་དབྱེ་འབྱེད་ཀྱི་རྣམ་དཔྱོད་ཡོད་ན། གཞི་ནས་གཞན་ལ་བརྟེན་མི་དགོས་པར་རང་ཚུགས་ཀྱི་འདུ་ཤེས་རྙེད་ཐུབ་ཀྱི་རེད།
ནང་བསྟན་ཕྱོགས་ལ་ཡང་དབྱེ་འབྱེད་ཀྱི་རྣམ་དཔྱོད་ཀྱི་མིག་ཟུང་གསར་པ་བསྒར་དགོས། རྒྱུ་མཚན་ནང་ཆོས་ནི་ལོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་རྒྱ་གར་དུ་དར་བ་ཞིག་དང་། རིམ་པར་འཕེལ་རྒྱས་བྱུང་བ་ཞིག་ཡིན་སྟབས། ཆོས་དཔེའི་ནང་དུ་འདྲེས་པའི་རྒྱ་གར་གྱི་གདོད་མའི་བསམ་བློ་དང་། སྐབས་དེ་དང་དེ་དག་གི་མིའི་ཁམས་དབང་དང་འདུ་ཤེས་ཀྱི་འཛིན་སྟངས་ལ་ངོས་འཛིན་གྱིས་དབྱེ་བསལ་གྱི་རྣམ་དཔྱོད་ཡོད་དགོས་ལ། སྟོན་པ་དང་ཉན་ཐོས་ཆེན་པོ་དེ་རྗེས་ཀྱི་མཁས་གྲུབ་རིམ་བྱོན་གྱི་གསུང་རབ་ཀྱི་དགོངས་པ་རེ་རེ་ལའང་ཡུལ་དང་དུས་མི་འདྲ་བ་དང་གསུང་སའི་མི་མི་འདྲ་བ། སྐབས་དེའི་སྤྱི་ཚོགས་དང་རྒྱ་གར་རིག་གནས་ཀྱི་རྒྱབ་ལྗོངས་དང་འཕེལ་རིམ་འབྲེལ་ཡོད་ཤེས་པའི་སྒོ་ནས་དགག་སྒྲུབ་བྱ་དགོས། རྗེས་འབྲངས་མཁས་པ་གཅིག་གི་གསུངས་ལའང་དེ་ལྟར་རྟོག་ཞིབ་ཀྱིས་ནང་བསྟན་ཧྲིལ་པོའི་བསམ་བློར་བརྩི་མི་རུང་། ཆོས་ལུགས་ཚང་མ་སྤྱི་ཚོགས་ཀྱི་ཐོན་དངོས་ཡིན་པས་འདང་བའི་ཆ་དང་མི་འདང་བའི་ཆ་ཡོད། མའོ་ཡིས་ཤཱཀྱང་ཐུབ་པས་དམངས་གཙོའི་ལམ་ཞིག་བཙུགས་པ་ནི་ཧ་ལས་དགོས་པ་ཡིན། འོན་ཀྱང་ཁོའི་རྗེས་འབྲངས་ནི་སྤྱི་ཚོགས་དང་ཁ་གྱེས་པའི་ཚོགས་པ་ཞིག་ཡིན་སྟབས་སྤྱི་ཚོགས་དམངས་གཙོ་ཅན་དུ་བསྒྱུར་བར་ནུས་པ་ཐོན་མེད་ཅེས་པ་ལྟར་རེད། གཞན་ཡང་ཞིབ་འཇུག་པ་ལ་ལས་སངས་རྒྱས་ཤཱཀྱ་ཐུབ་པས་ཀུན་སྤྱོད་ཀྱི་ལམ་སྲོལ་ལས། ཆོས་ལུགས་སྲོལ་གཏོད་མེད་ལ་ཁོང་སྐུ་འཚོ་བཞུགས་དུས་ཀྱང་ནང་བསྟན་ཆོས་ལུགས་སུ་གྱུར་མེད། འོན་ཀྱང་ཕྱི་རབས་པས་ནང་བསྟན་འདི་ཆོས་ལུགས་སུ་བསྒྱུར་པས་དེ་ནི་ཤཱཀྱ་ཐུབ་པའི་དགོངས་པ་དང་འགལ་བའི་ཕྱོགས་སུ་ཕྱིན་ཡོད་ཅེས་བཤད་འདུག་པས་ང་ཚོས་བསྐྱར་དུ་བསམ་གཞིག་བྱ་དགོས།
ནང་བསྟན་བོད་དུ་བསྒྱུར་བ་ནི་བོད་མི་ཀུན་གྱི་ཆེད་དུ་ཡིན་རུང་། ཆོས་བདག་བླ་གྲྭས་སྒེར་སྡོམ་བྱས་སྟབས་བླ་གྲྭ་དགོན་གསུམ་གྱི་འཚོ་རྟེན་ལས་ཡོངས་རྫོགས་མང་ཚོགས་ཅན་དུ་འགྱུར་མྱོང་མེད། ང་ཚོས་མ་འོངས་པར་ནང་བསྟན་འདི་ཉིད་ཡེ་ཤུའི་ལུགས་ལྟར་མང་ཚོགས་ཅན་དུ་བསྒྱུར་དགོས་ལ། བོད་ཀྱི་རིག་གནས་ཡིན་ན་ནང་བསྟན་ཡིན་པས་ཁྱབ་དགོས་པ་དང་། ནང་བསྟན་བོད་ཀྱི་རིག་གནས་སྤྱི་ཁོག་ཡིན་པར་སྒྲོག་པའི་རིག་གནས་སྒེར་གཅོད་ཀྱི་བསམ་པའི་རྒྱུན་འདི་དགག་དགོས། བསམ་པའི་རྒྱུན་འདིས་དོན་དངོས་ཐོག་ནང་བསྟན་ལམ་གཞན་དུ་དྲངས་ནས་ཉམས་དམད་ཡོད་པ་མ་ཡིན་ནམ། བོད་ཀྱི་རིག་གནས་ནི་གསོ་རིག་དང་་སུམ་རྟག་ཀྱི་སྒྲ་རིག་སོགས་ཡིན་པ་མཁྱེན་དགོས། ད་ལྟ་ནང་བསྟན་ནི་གྲྭ་བཙུན་སོགས་ཀྱིས་ཉམས་ལེན་གྱིས་ཐར་པ་སྒྲུབ་བྱེད་མ་ཡིན་པར་འཚོ་བའི་རྟེན་གཞི་ཙམ་དུ་བརྩི་བ་འདི་རེད། དོན་དུ་ནང་བསྟན་འདི་གྲྭ་བཙུན་གྱིས་བཟུང་བའི་དུས་ཚོད་ཡོལ་བ་ཡིན་ནམ། ནང་བསྟན་ངོ་མ་དང་གྲྭ་བཙུན་ཁ་གྱེས་ཟིན་ནས་ཤི་ལམ་དུ་བསྐྱེལ་ཟིན་པ་དང་། ད་དུང་ལ་ལས་གྲྭ་བཙུན་ལོ་གཞོན་ཚོར་བཟའ་ཉལ་གང་སྐྱིད་བྱེད་ཅིང་། ལྐོག་ཏུ་ཕོ་མོའི་འབྲེལ་བ་སོགས་ཅི་བྱུང་ནའང་འགྲིག གྲྭ་ཆས་མ་ཕུད་པར་དགོན་པར་སྡོད་དགོས། དཀའ་ལས་ཆེན་པོ་མི་དགོས་ལ། མི་ཡུལ་གྱི་ལོངས་སྤྱོད་ཀྱང་བྱེད་ཆོག་ཅེས་ངན་སློབ་སྤེལ་བའི་ལྟ་ངན་འདི་རྣམས་དགག་མི་དགོས་སམ། དེར་བརྟེན་ཕ་མས་ཀྱང་གྲྭ་བཙུན་ཚོ་ཡོངས་འབབ་ཆེ་ས་ཞིག་སྐྱེལ་གྱི་ཡོད་ལ། དགོན་པའམ་གཙུག་ལག་ཁང་ལ་ལར་ལོ་རེར་སྒོར་ཁྲི་ཉིས་རེ་གསུམ་རེ། བཞི་རེ་སོགས་བགོ་འགྲེམ་ཡོད་པས། གྲྭ་བཙུན་གྱིས་ལྐོག་ཏུ་གྲོང་འཁྱེར་ནང་ཁང་པ་ཉོས་ནས་ཁྱིམ་བཟུང་བ་དང་། ལྐོག་ཏུ་ཚོང་ཁང་བཟའ་ཁང་གཉེར་བ་སོགས་ཐོན་བཞིན་དགོན་པར་གནས་པའི་སྲོལ་འདི་དགག་དགོས། འབྲི་གུང་དཔའ་ཆུང་རིན་པོ་ཆེས། གྲྭ་བཙུན་གྱི་རྩ་བཞི་ཆང་ལྔ་ཡང་བསྲུང་མི་ཐུབ་ན། དགོན་པར་མ་བཞག་རོགས། ལྷ་ཁང་བསྲུང་མཁན་མེད་ནའང་འགྲིག་ཞེས་གསུང་པ་འདི་ལ་དགོངས་པ་བཞེས་དགོས། ཕྱོགས་གཞན་ནས་ཡེ་ཤུའི་ཆོས་ལུགས་བོད་ནང་དུ་སྔར་བས་དར་ཁྱབ་འགྲོ་ཞིང་ན་གཞོན་ཁྱོད་དུ་དང་ལེན་བྱེད་མཁན་མང་དུ་འགྲོ་བཞིན་འདུག རྒྱུ་མཚན་ཡེ་ཤུའི་ཆོས་པ་ཆེ་ཕྲ་ཀུན་གྱིས་རང་གི་ལག་གཉིས་ལ་བརྟེན་ནས་བྱུང་བའི་དངུལ་རྣམས་མིའི་རིགས་དང་དཀའ་ངལ་ཅན་ལ་རོགས་རམ་ཆེད་དུ་རྒྱུན་མ་ཆད་པར་ཕར་གཞན་ལ་གཏོང་བའི་ལམ་ལུགས་བཟང་པོ་ཁ་ཡོད་ལག་ཡོད་རྒྱུད་སྤེལ་བཞིན་ཡོད་པ་འདི་སྒྲུབ་དགོས་ལ། ང་ཚོ་བོད་ཀྱི་སེར་མོ་བ་གྲྭ་བཙུན་ཆེ་ཕྲ་ཚང་མས་ཁ་ལ་འགྲོ་བ་རིགས་དྲུག་གི་དོན་ཡིན་ཟེར་བཞིན་དུ་དོན་དངོས་ཐོག་རང་གི་འཚོ་བ་ཡང་ཕར་མང་ཚོགས་ལ་ལག་པ་བཟེད་ནས་ཚུར་ལེན་རྒྱུ་ཁོ་ན་ཡིན་པའི་སྲོལ་འདི་དགག་མི་དགོས་སམ། ད་དུང་བཞེངས་རབས་དང་སྒྲུབ་རབས་ཀྱི་འབུལ་སློང་གི་ཡོ་ལང་ཆེན་པོ་སྔར་སྲོལ་བཞིན་རྒྱུན་འཛིན་པ་འདི་ནི་དུས་རབས་དང་མི་འཚམ་པའི་ཞན་ཆ་ཆེ་ཤོས་མ་ཡིན་ནམ། གང་ལྟར་སྔར་སྲོལ་ངན་པའི་རིགས་ལ་ཐེར་འདོན་དགག་རྒྱག་དང་། གཞན་གྱི་ལེགས་ཆ་བླང་ཞིང་བཟང་ཆ་ཅན་དུ་བསྒྲུབ་པའི་རྣམ་དཔྱོད་ཡོད་དགོས། སོམས་དང་། རང་ཉིད་མི་རིགས་འདིའི་ཞབས་འདྲེན་གྲས་སུ་མ་ཚུད་པའི་མི་བུ་ཞིག་དང་། ཁ་དང་ལག་ལེན་མཚུངས་པའི་མི་བུ་ཞིག་བྱ་དགོས། མེས་པོའི་བླ་འཚོང་མཁན་དང་། མེས་པོ་བཟས་སུ་བཟའ་མཁན། མེས་པོའི་ཁྲག་རྒྱུན་ལྷད་མཁན། མེས་པོའི་སྲོག་རྩ་བཀུམ་མཁན། གདུང་རྒྱུད་བརླག་མཁན་ཞིག་མི་བྱ་བ་དང་། ཤར་ཕྱོགས་པའི་ཞན་ཆ་ཕྱི་ཚུལ་རིང་ལུགས་དང་འདྲ་ཆགས་གཡོ་སྒྱུ་མི་བྱ་བ་དང་། རྣམ་དཔྱོད་ཀྱི་དཔལ་འབར་ཞིང་རང་ཚུགས་ཀྱི་འདུ་ཤེས་ཡོད་པ་ཞིག་བྱ་དགོས།
གསལ་བཤད༽ གོང་གི་རྩོམ་ཡིག་དེ་ནི་གཞི་ལུས་བོད་ཀྱི་རྩོམ་པ་པོ་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་དེབ་༼བོད་རེ་བ་ཅན་༽ཞེས་པ་དེ་ནས་བཏུས། དེབ་དེར་སྤྱི་ཚོགས་ནང་གི་དགེ་སྐྱོན་གསལ་བར་དཔྱད་བསྡུར་བྱས་ཏེ་བརྗོད་གཞི་ མི་འདྲ་བའི་ཚན་པ་དྲུག་བཅུ་ར་དྲུག་དཔྱད་བརྗོད་མཛད་པའི་ཕྱག་དེབ་ཞིག་རེད། ཁོང་ནི་ཤེས་ཡོན་ཅན་ཞིག་ཡིན་མིན་ཁོ་བོས་ཁ་མཚོན་མི་ཆོད་ཀྱང་མི་རིགས་ཀྱི་ལ་རྒྱ་ཅན་ཞིག་དང་རིག་གཞུང་ལ་དུང་ཞེན་ཆེ་བ་འདས་མ་ད་གསུམ་གྱི་སྤྱི་ཚོགས་ཀྱི་སྐྱོན་ཡོན་ལ་གཟུར་པོར་གནས་པའི་ངང་དཔྱད་པ་བྱེད་པའི་སྙིང་སྟོབས་ཅན་ཞིག་ཡིན། ཕྱོགས་གཅིག་ཁོ་ན་ལས་མི་མཐོང་བའི་ང་དང་ང་དང་འདྲ་བའི་དྲྭ་གྲོགས་ཚོར་ཐུགས་ཕན་གསེལ་རེས་ཕྲན་ནས་འདིར་འདྲེན་པ་ཡིན།