ཨ་མདོ་རྔ་བ་རྐིརྟི་དགོན་གྱི་གྲྭ་བཙུན་རྣམས་ཀྱི་གནས་སྟངས་ཐད་རྒྱ་གཞུང་གིས་འཁྱོག་བཤད་དང་རྒྱལ་སྤྱིའི་སྤྱི
རེས་གཟའ་ལྷག་པའི་ཉིན། མཉམ་འབྲེལ་རྒྱལ་ཚོགས་་(་བཙན་ཤེད་དང་རང་འདོད་མ་ཡིན་པའི་བཙན་འཁྲིད་ཀྱི་གནད་དོན་ལས་དོན་ཚོགས་ཆུང)་གིས་་་་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་རྐི་རྟི་དགོན་སྡེ་གྱི་གྲྭ་བཙུན་སུམ་བརྒྱ་ལྷག་ད་ལྟ་གང་དུ་བཙན་འཇུག་བྱེད་ཡོད་མིན་དང་ཁོང་ཚོའི་ད་ལྟའི་གནས་སྟངས་ཁྱབ་བསྒྲགས་དགོས་པའི་འབོད་སྐུལ་ཞུས་འདུག གྲྭ་བཙུན་དེ་དག་ནི་འདི་ལོ་ཕྱི་ཟླ་༤པའི་ནང་རྐི་རྟི་དགོན་པ་ནས་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པས་སྐྱོན་བརྗོད་བྱས་པ།
རེས་གཟའ་ཕུར་བའི་ཉྀན། ཕྱི་འབྲེལ་མགྲིན་ཚབ་པ་ཧུའུ་ལུན་གྱིས་གསར་འགོད་ལྷན་ཚོགས་ཐོག་བཤད་དོན། བོད་ཀྱི་གྲྭ་བཙུན་བཙན་འཁྲིད་བྱས་པའི་དོན་རྐྱེན་ནི་རྩ་བ་ནས་བྱུང་མེད། ད་དུང་འབྲེལ་ཡོད་ཀྱི་ས་གནས་སྲིད་གཞུང་གིས་ཆོས་ལུགས་ཀྱི་བྱེད་སྒོ་རྒྱུན་གནས་ཡོང་ཆེད་རྐི་རྟི་དགོན་དུ་ཁྲིམས་ལུགས་སློབ་གསོ་སྤེལ་བཞིན་ཡོད་ཟེར།
ཨ་རིའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཝ་བྷོ་ཏང་གིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་ལན་འདེབས་སྐབས། རྒྱ་གཞུང་གི་ལྟ་བ་བསྐྱར་བརྗོད་བྱས་ཡོད་པ་དང་། ད་དུང་ཁོས་་་་གྲྭ་བཙུན་དེ་དག་བཙན་ཤེད་ཀྱིས་འཁྲིད་པ་མ་ཡིན་པར་་་ཁོང་ཚོ་ལ་རྒྱ་ནག་འབྲེལ་ཡོད་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་སློབ་གསོ་སྤེལ་བཞིན་པ་རེད་ཟེར།སྐབས་དེར་གསར་འགོད་པས་་་་གྲྭ་བཙུན་དེ་དག་གི་ད་ལྟའི་གནས་སྟངས་དྲིས་སྐབས། ཝ་བྷོ་ཏང་གིས་ཁོས་མི་ཤེས་ཟེར།
རྐི་རྟི་དགོན་པའི་གྲྭ་བཙུན་རྣམས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་།
ཨ་ཤིན་ཏྲོན་ཏུ་གཏན་གཞིར་བྱས་པའི་་་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་་་ཚོགས་གཙོ་མ་ལིས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཁོང་ཚོ་དགའ་འོས་པ་ཞིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནད་དོན་དེར་དོ་སྣང་བྱུང་ཡོད་པ་མ་ཟད་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ངོས་ནས་སྐྱོད་བརྗོད་བྱེད་ཡོད་པ་རེད་ཟེར། ཁོས་མུ་མཐུད་དུ། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་དག་ལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སློབ་གསོ་སྤེལ་དགོས་དོན་གང་ཡོད་དམ། ཁོང་ཚོའི་ལས་འགན་ནི་ཆོས་ལུགས་ཀྱི་སློབ་གསོ་སྤེལ་རྒྱུ་དེ་རེད། རྒྱ་གཞུང་གིས་གྲྭ་བཙུན་རྣམས བཙན་ཤེད་ཀྱི་དགོན་པ་ནས་འཁྲིད་དེ་མི་སུས་ཀྱང་ཤེས་རྟོགས་མེད་པའི་གནས་ཤིག་ཏུ་བཀག་ཉར་བྱེད་ཡོད་པ་རེད། འདི་ནི་མི་ཚང་མས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་རེད། མ་ཟད་རྒྱ་གཞུང་གིས་སྔོན་ནས་འཛིན་བཟུང་བཀག་ཉར་བ་འདྲི་གཅོད་ཚ་ནན་གྱི་བྱ་སྤྱོད་སྤེལ་བ་རེད། རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རེད། ངེས་པར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་ཁག་བརྩི་སྲུང་དང་ལག་བསྟར་བྱེད་དགོས་པ་རེད། ཡིན་ནའང་རྒྱ་ནག་གི་བྱེད་སྟངས་ནི་དེ་དང་ཟློག་ཟླ་རེད་ཟེར།
རྒྱ་ནག་གི་ཞིན་ཧ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།
རྐི་རྟི་དགོན་པ་ཡོད་སའི་སི་ཁྲིན་རྔ་བ་རྗོང་སྲིད་གཞུང་གིས་ཕྱི་ཟླ་༤པའི་ཟླ་མཇུག་ནས་བཤད་པ་ལྟར། གྲྭ་བཙུན་
དེ་དག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་པ་དང་། ཆང་དང་ཨ་རག་བཏུང་བ་དང་བུད་མེད་གཞུང་ཚོང་མ་ཉར་བ། རྒྱན་འགྱེད་པ་དང་འཁྲིག་སྤྱོད་ཀྱི་གློག་བརྙན་ལྟ་བ། དེ་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མ་ལིས་ལན་འདེབས་གནང་དོན། བཤད་སྟངས་འདི་རིགས་ནི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་ཡོངས་རྗོགས་ཀྱི་ངོ་ཚ་ཞིག་རེད། དེ་དངོས་གནས་ཡིན་སྲིད་རྒྱུ་མ་རེད། གལ་སྲིད་སྐྱོན་འཛུགས་དེ་དག་བདེན་པའི་དབང་དུ་བཏང་ཡང་དེ་གྲྭ་བཙུན་དེ་དག་ཀུན་སྤྱོད་ཐོག་གི་སྐྱོན་དང་མི་འདང་བའི་ཆ་ཡིན་པ་ལས། དེ་ལ་བརྟེན་ནས་ཁྲིམས་ཐོག་ནས་ཉེས་འཛུགས་དང་ཁྲིམས་ཐག་བཅད་མི་འོས་ཟེར།
རྒྱ་གཞུང་གིས་ཕྱི་ཕྱོགས་སུ་འབོད་སྐུལ།
རྒྱ་གཞུང་ཕྱི་འབྲེལ་མགྲིན་ཚབ་པ་ཧུང་ལུན་གྱིས་གསར་འགོད་ལྷན་ཚོགས་ཐོག་་འབྲེལ་ཡོད་རྣམས་ནས་དེའི་ཐོག་ལ་ཕྱོགས་ཞེན་འཐེན་འཁྱེར་གྱི་ལྟ་བ་སྤངས་ཏེ་དྲང་བདེན་དང་ཟུར་གནས་ཀྱི་ལྟ་ཚུལ་འཛིན་རོགས་ཞེས་འབོད་སྐུལ་ཞེས་ཡོད་པ་དང་དེ་བཞིན་ཨ་རིའི་རྒྱ་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཝ་བྷོ་ཡིས་་་་ཨ་རིའི་རླུང་འཕྲིན་ཁང་གིས་གསར་འགྱུར་བཀོད་སྐབས་ཚིག་གཅིག་སྣོན་ཏེ་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཛིན་པའི་རེ་སྒུག་དེ་བཀོད་རོགས་ཞེས་བཤད་འདུག
ཕྱི་ཟླ་༣་པའི་ནང་། རང་ལོ་ཉེར་གཅིག་ཡིན་པའི་གྲྭ་ཕུན་ཚོགས་ཀྱིས་རྒྱ་གཞུང་གིས་ཉིས་སྟོང་བརྒྱད་ལོར་ཞི་རྒོལ་ལ་བཙན་གནོན་བྱས་ཏེ་མི་ལོ་གསུམ་འཁོར་བའི་དུས་དྲན་དུ་རང་ལུས་མེ་སྤར་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ནས་བཟུང་། རྐི་རྟི་དགོན་གྱི་གྲྭ་བཙུན་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་ཐེངས་མང་སྤེལ་ཡོད་པ་དང་། ཕྱི་ཟླ་༤་པའི་ཟླ་མཇུག་ཏུ་གྲྭ་བཙུན་དེ་དག་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་ཡོད་པ་རེད། ཡང་དེ་རིང་གསར་འགྱུར་བརྒྱུད་ལམ་ཁ་ཤས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན་གྲྭ་བཙུན་ཁག་ཅིག་གློད་བཀྲོལ་བཏང་ཡོད་པ་དང་། གཞན་ཁག་ཅིག་གི་གནས་སྟངས་ད་དུང་གསལ་ཆ་མི་འདུག་ཅེས་བཀོད་འདུག