ནམ་ཡང་བརྗེད་དུ་མེད་པའི་གཅེན་པོ།
དེ་ཐམས་ཅད་ཁྱེད་ལ་མངའ་བའི་ཡབ་མེས་གཟི་ཤུགས་ལས་མཆེད་པའི།
རིན་བྲལ་བསམ་པའི་དཔལ་ཡོན་བསྒྲུན་ངུ་མེད་པ་ཉག་གཅིག་རེད།
ད་དུང་། མང་་་་་་་་་་་་་་་་རབ་ཏུ་མང་།
ལར་ཁྱེད་ནི་ལྷས་བདག་ལ་དངོས་གྲུབ་ཏུ་གནང་བའི་གཅེན་པོ་ཞིག་མིན་ནམ་སྙམ།
ཁྱེད་ཀྱིས་བདག་ལ་གནང་བའི་བྱམས་སྐྱོང་ཕྱི་དྲན་རེ་བྱེད་ཚེ་མིག་ཆུས་གདོང་ཡོངས་བརླན།
སྔོན་དུས་སུ་ཁོ་བོ་དགོན་པར་ཡོད་སྐབས།
ཞིམ་མངར་གྱི་ཟས་རིགས་རྒྱ་མ་གང་ཙམ་དང་་དོ་ཙམ་རེ་ཉོས་ཏེ་ཨ་མ་ང་གཉིས་ལ་སྟེར་བ་དྲན།
ཨ་མས་བདེ་བའི་ཕྱག་གིས་གསོལ་ཚིགས་ཞིམ་པོ་རེ་གཡོ་རྗེས།
ང་ཚོ་སྤུན་མཆེད་ཀུན་ལྷན་འཛོམས་ཀྱིས་དགའ་མགུས་ཟས་ལ་རོལ་བ་ནི།
དུས་ནམ་ཡང་བསྙེལ་ཐབས་མེད་པ་ཞིག་རེད།
དེ་ལྟ་བུའི་འཚོ་བ་སྐྱིད་པོ་ཡུན་རིང་མྱོང་རྒྱུ་མ་བྱུང་ལ།
ཕྱིན་ཆད་ཀྱང་མྱང་རྒྱུ་ཨེ་ཡོད་དམ་སྙམ།
སྐབས་རེར། ཁྱེད་ཀྱིས་ང་བག་བག་འཕང་ལ་བཞག་ནས་།
ཁྱིམ་དུ་གུང་གསེང་ལ་བསྐྱོད་རྒྱུ་ནི་ངའི་སྤྲོ་འཆམ་སྐྱིད་ཤོས་ཡིན།
ཐེངས་ཤིག ལམ་དུ་འགྲུལ་བསྐྱོད་བྱེད་བཞིན་ང་ལ་བག་བག་གཏོང་སྟངས་སློབ་ཀྱིནཡོད་པ་་ཨེ་དྲན།
ཁྱིམ་དུ་སླེབས་རྗེས་ལྡེ་མིག་ང་ལ་སྤྲད་དེ་གྲོང་པའི་ཁོར་ཡུག་ཏུ་སྦྱོང་བརྡར་བྱེད་བཅུག
གཅེན་པོ་ཆེ་བས་བརྡབ་སྐྱོན་ལ་དོགས་ཏེ་ལྡེ་མིག་སྦས་ཤིང་བཀག་འགོག་རྒྱུན་དུ་བྱས།
ཁོང་མགྲོན་པོ་ལྷན་དུ་སྐད་ཆར་མགོ་འཁོར་བའི་གོ་སྐབས་དེ་བཟུང་སྟེ།
ངས་ལྡེ་མིག་བླངས་ཏེ་སྤེ་ལི་མད་མཆོད་རྟེན་ནས་སྒང་འོག་སྨྱུང་གནས་ཁང་བར།
ཡར་མར་རྒྱུག་པ་ཉུང་ཉུང་ག་ལ་ཡིན།
དེ་ནས་བཟུང་ང་ནི་བག་བག་གཏོང་མཁས་པའི་གྲྭ་ཕྲུག་སྣང་སྐྱིད་ཅིག་ཏུ་གྱུར།
འོན་ཀྱང་། བེད་སྤྱོད་ལོག་པར་མ་བཏང་བར་སློབ་ལས་མཐུན་རྐྱེན་དུ་བསྒྱུར།
ཉ་མཚོ་ཐོས་བསམ་དར་རྒྱས་གླིང་ནས་ཞིང་ཆེན་བོད་ཡིག་སློབ་གྲྭའི་བར་གྱི་གཞུང་ལམ་ནི།
ངའི་དུས་རྒྱུན་སློབ་ལས་ཆེད་འགྲུལ་བཞུད་བྱ་སའི་རྒྱུས་ཆེ་བའི་ལམ་ཆེན་ཞིག་ཡིན།
སྤྱང་དམར་ཁྱུ་ཚོགས་ཀྱིས་བདག་ལ་དོགས་པ་འདྲ་མིན་ཟ་ལ།
སློབ་གྲྭའི་སློབ་མ་རྣམས་ཀྱིས་ང་ལ་ཡིད་སྨོན་ཤོར་གྱི་ཡོད།
དགེ་རྒན་རྣམས་ཀྱིས་གཟི་བརྗིད་དུ་བརྩིས།
སྐབས་རེར། མཚོ་ཁར་ངའི་ཁྱིམ་གཞི་གཉིས་པར་མཚན་སྡོད་ལ་སླེབས་དུས།
ནང་མི་ཚང་མ་ཉལ་རྗེས་གཅེན་པོ་ང་གཉིས་སྐད་ཆས་མཚན་གུང་ལ་གཏུགས་ཀྱི་ཡོད།
མཚན་གུང་གྲོད་པ་ལྟོགས་ན་སྐབས་རེ་རྒྱ་ཐུག་ཞིམ་པོ་རེ་དང་།
སྐབས་རེ་དེ་ལས་གཞན་པའི་ཟས་ཞིམ་པོ་རེ་བཟས་རྗེས་ད་གཟོད་ཉལ་གྱི་ཡོད།
མདོར་ན། དེ་ཐམས་ཅད་ཁྱེད་ཀྱིས་ང་ལ་བཅིངས་པའི།
བརྩི་དུང་གི་འཚོ་བ་སྐྱིད་པོ་ཞིག་ཡིན་པ་ངས་ད་གཟོད་ཤེས།
གཅེན་པོ་ཡ། གཅེན་པོ། ང་ནི་ཁྱེད་བརྗེད་མེད། དུས་ནམ་ཡང་མི་བརྗེད།
ང་ལ་གཅེན་པོ་མང་ཡང་ངེད་གཉིས་ལས་འབྲེལ་ཆེ།
ཁྱེད་མེད་ན་ང་རྒྱ་གར་ལ་སླེབས་མི་ཐུབ།
གདན་སར་ཞུགས་མེད། ཀུན་འདུས་མཇལ་མེད།
ཆོས་མཛད་བཏང་མེད། དགེ་བཤེས་ནི་དེ་བས་ཀྱང་ཆགས་ག་ལ་ཐུབ།།
ཕྱི་ལོ་༢༠༠༢ཟླ་༠༥ཚེས་༡༣ཉིན་འབྲས་སྤུངས་སུ་བྲིས་པ་འདི་བསྐྱར་བསྣོན་ཕྲན་བུ་ཞིག་བྱས་ཏེ་ཀློག་པ་པོ་ཚོའི་མིག་གི་དགའ་སྟོན་དང་།
རྣ་བའི་བུ་རམ་དུ་འགྱུར་བའི་རེ་བ་ཅས་ཧེ་མ་ཅལ་གྱི་རྒྱལ་ས་སིམ་ལ་གྲོང་ཁྱེར་གྱི་གྲུ་ཟུར་ཞིག་ནས་སྨྱུག་ཐོག་པ་རྟའུ་ཆོས་མཛད་ཀྱིས་
20110610ཉིན་བསྲིངས་སོ།།