༈ ཁ་བའི་ན་ཟུག་བསླང་བའི་གཏམ་ཁ་མཆུ་ནག་པོ།

 

རྒྱལ་ཁབ་ཤོར་བའི་ས་མཐའི་གྲོང་ནས་དཔུང་ཤོམ་རྙིང་པའི་སྡིག་ར་བསྐུལ།།

 

མཐོ་སྒང་བཙན་པོའི་རྟ་ཕོའི་རྨིག་སྒྲས་སུམ་གཉིས་ས་ཡི་ལྟོ་བ་རལ།།

ཐུགས་སྟོབས་སྒམ་པའི་ཤོམ་ཚུགས་ཤིག་གིས་དཀར་ནག་རྒྱ་ཡི་སྙིང་རྩ་འདར །།

སྲོང་བཙན་སྒམ་པོའི་ཉི་མའི་སྣང་བ་ཕྱག་གིས་འཁྱུད་པའི་ང་རོ་གླེང་།

གངས་ཅན་ཀློང་དུ་མུན་པ་གཤག་པས་དཀར་ངོགས་འཇིག་རྟེན་སེམས་ཀྱིས་སྲུང་།

སྒང་པ་བོད་ཀྱི་ལོ་རྒྱུས་རིང་མོ་མིག་རྣའི་མདུན་སོར་ཆུ་བཞིན་བཤར།།

 

 

 

དྲག་པོའི་དཔུང་གིས་མཚོན་ཁར་བསྐོར་དུས་ཞི་དྲག་གཉིས་ཀྱིས་ཁོག་པ་སྲོང་།

ནང་དམེ་སུན་པའི་སྨྲ་བ་ནག་པོ་ཁྲིམས་ཀྱི་སོ་ཁར་གཞུང་བཤར་བཏང་།

མི་རིགས་སེམས་ངོགས་དཔར་དུ་བཏབ་པའི་ཆོས་ལུགས་སྣང་བའི་འོད་ཁ་རུ།།

བཙན་གྱིས་འཛུལ་བའི་ཤན་པ་དམར་པོ་བསྙད་པའི་ལོ་རྒྱུས་བམ་ཁར་ལྷག།

འདི་སྣང་བསམ་ཚེ་རུས་རྐང་ཡོད་ཚད་སྙིང་གི་མཐིལ་དུ་རུས་པ་ཆགས།

 

 

རྩམ་པའི་རྒྱལ་ཁབ་ཤ་རུས་འཐོར་ཡང་ཕ་ཟས་བྲོ་བའི་རྣམ་ཤེས་འཁོར།།

ཕ་སྐད་རྗེན་པའི་རོལ་དབྱངས་གྱེར་དུས་མུ་མེད་གྲུ་ཁ་ཁྱིམ་གཞིས་འཛུགས།།

རུས་པ་འཁྲེག་པའི་ཤ་ཚུགས་རྒོད་པོ་མཐོ་སྒང་ཨ་མའི་པང་ལ་འཁྱུད།།

དད་པའི་དཔུང་གི་དཔྲལ་བས་བཏེགས་ཏེ་གློ་སྙིང་མཆིན་ཕྱག་ཏུ་ཕུལ།།

རྗེན་པར་འཚོལ་བའི་རྗེན་པའི་དཔུང་གིས་རྗེན་པའི་རྒྱལ་ཁབ་མིག་ནས་བོར།།

 

 

གནམ་རྒན་ཨ་མའི་དཀྱེལ་པའི་འདུ་ར་བཀའ་ཡིག་བཙན་པོས་ཧྲལ་གྱིས་བསྡུས།།

གནམ་གྱི་མཐོངས་ཁ་སྲོང་བཙན་སྒམ་པོའི་ཉི་ཟེར་ཕང་བར་གཉེན་སྒྲིགས་བྱས།།

གླེགས་བམ་ཁྲོད་ཀྱི་ལོ་རྒྱུས་སྨུག་པོ་དུར་ཁྲོད་མདོ་ནས་གསོན་པོ་ལོག།

སྒལ་ཚུགས་རི་མོ་འཁྱུག་སྟངས་འདི་ཡི་རྨི་ལམ་གྲོང་གི་གཏམ་རྒྱུད་ལ།།

མིག་དང་རྣ་བས་ལྕོགས་ཚད་ཅིག་གིས་གསེར་དང་དངུལ་གྱི་རྒྱན་ཆ་བཏགས།

 

 

མིག་རྣ་ཡོད་ཚད་ཐིག་རིས་དེད་དེ་ཁྱིམ་གཞིས་རྙིང་པའི་སྒོ་བྱང་བཀོག།

སྐུ་དྲག་རྒྱུད་པའི་མཇུག་མ་སྟུང་དེ་མི་བུ་ཞིག་གི་ཚབ་ཏུ་སླེབས།།

འབྲོང་དམར་གཅེན་བུ་རོང་ལ་འཐེན་དུས་ལྷས་ར་གོར་མོ་ནོར་གྱིས་སྟོངས།།

དར་རྒུད་གླེགས་བམ་གློ་བ་སྐྱོ་སྟེ་ངོ་གདོང་འཁྱུག་བྲིས་ཚལ་བུར་གཏང་།

དཔའ་བོའི་གྲོད་ཁོག་ས་རྡུལ་རྒྱངས་པའི་སྔོ་ལོ་དཔུང་གིས་རང་འཚང་བཤམས།།

 

 

ལས་དབང་རྨུ་ཐག་རོང་ཁོང་གཅུན་དུས་ཕ་མེས་སྙིང་ཁོང་འཁྱགས་ལ་འབྱར།།

རྒྱུད་པ་གཅིག་ཀྱང་ཁྲག་ཁ་མཐོ་མིན་མིག་གི་མཚར་སར་སྦོམ་ཕྲ་ཤོར།།

མི་གཞི་ཚང་ཡང་རྔ་མ་ཡོད་མེད་འཇིག་རྟེན་ལྟ་ཕྱོགས་ཡང་ལྗིད་ཤོར །།

ཁོག་པ་གཅིག་པའི་མི་བུ་དག་མ་གནམ་འོག་སྒྲུག་ན་ཉུངས་ཙམ་གདའ།།

རུས་པ་ཟུག་ཅིང་བྲང་ཁ་གཏད་སའི་ཁོག་པའི་རི་མོ་གོང་ཚད་འཕར།།

 

 

 

ལྟེབ་རྒྱབ་སྒྲུང་རིང་ཤུགས་ཀྱིས་གྱེར་ཏེ་ན་ཟུག་སྟོང་གིས་སྙིང་ཁོང་གཅུན།།

ནང་དམེ་འཁོན་པའི་རི་མོ་ནག་པོ་བསྐལ་བའི་བར་དུ་གཏེར་དུ་སྦས།།

གཞིས་ཀ་རྩོད་པའི་གྲི་སོ་བར་ན་སྤུན་ཟླའི་བང་སོས་རི་རབ་བརྩིགས།།

གྱོད་དང་ཁ་མཆུ་མཐུན་ཐབས་མེད་པས་ནང་སོར་གཏམ་གྱིས་ཆག་སྒོ་ཉོ་།

མཇུག་མ་རྩུབ་མོས་བརྡར་སྟངས་ཤིག་གིས་འཛམ་བུའི་མིག་ལ་ལྟད་མོ་ལྷག།

 

 

ཁ་བའི་ལྗོངས་སུ་ཁ་དར་བཞིན་དུ་ཁ་ཁོག་གཙང་བའི་ཁ་དོག་འགྲེམས།།

ཁ་ཞེ་སྙི་བའི་ཁ་ཆེམས་དམར་པོ་ཁ་གསང་མེད་པར་ཁ་དན་བགོ།

ཁ་བས་འཚོ་བའི་ཁ་རྗེ་དབང་ཐང་ཁ་བ་ཅན་ལ་ཁ་གཡང་སྒྲོན །།

ཁ་ཙང་གཏམ་རྒྱུད་ཁ་ནས་ལུད་དུས་ཁ་བ་ཅན་ལ་ཁ་སེམས་དཀར།།

ཁ་མདོག་མཚར་བའི་ཁ་བའི་སོན་རྩ་ཁ་ཁོག་སྒྲིམ་སྟེ་ཁ་འཆམ་གྱིས།།

ལོ་རྒྱུས་ཤིག་གི་ཕྱི་དྲན་དུ། ཕྱི་ལོ༢༠༡༡། ༦ ། ༧ ཉིན་དགོང་མོ་རང་ཤག་ཏུ་བྲིས།