ཨ་མས་ང་ལ་སྤྲིངས་པ།

 

བུ་ཆུང་ཁྱོད་དང་བྲལ་ནས་བཟུང་སྟེ་དགའ་བའི་དུས་ཚིག་ཉིན་སྐར་ཙམ།།

ཟླ་བཀྲག་ཇི་བཟིན་གདོང་གི་ཟོལ་མདངས་ཡོངས་སུ་ཉམ་སྟེ་ཡ་ཐོད་ལ།།

རྒས་མཉེར་རི་མོ་དུ་མ་བབ་སྟེ་ལོ་བརྒྱའི་རྒན་མོ་མཚུང་ལ་ཁད།།

ཚེ་གང་བསགས་པའི་གནག་སྣུམ་སྐྲོ་ལོ་ཁ་བའི་མདངས་ཀྱང་གནོན་ལ་ཁད།།

བཀྲ་བའི་མིག་ཟུང་མཆི་མས་རླན་ཏེ་མ་གད་མདངས་ལྟར་གྱུར་ལ་ཁད།།

རབ་དཀར་དུང་གི་སིས་མོ་སོ་གཉིས་ཚོགས་འདུ་ཆེན་མོ་གྲོལ་ལ་ཁད།།

བརྗོད་པ་ཀུན་གྱི་དང་པོ་བསྐྱར་ཞིང་མཐའ་མ་དེ་ནི་ཆད་ལ་ཁད།།

རྐང་གཉིས་འདེགས་འཇོག་རང་ཚུག་མི་བརྟན་ལག་གཉིས་མཁའ་བར་བརྟེན་ལ་ཁད།།

མདའ་ལྟར་དྲང་པའི་ལང་ཚོའི་ལྗོན་པ་གཞུ་མོ་བཞིན་དུ་འགུག་ལ་ཁད།།

བསྡུས་ཏེ་བརྗོད་ན་གཡར་པོ་འདི་ཉིད་འབྱུང་བཞའི་ཁམས་སུ་ཐིམ་ལ་ཁད།།

གོས་འཇམ་ཚ་རུའི་དྲོ་འཇམ་མི་ཚོར་ཟས་ཞིམ་འོ་མའི་དངར་ཁ་སྐམ།།

ཕྱི་མིག་ཐེང་གཅིག་ང་ལ་གཟིགས་དང་སྙིང་དམར་སྙིང་གི་མེ་ཏོག་ལགས།།

སྦྲ་ནག་གྲུ་གཞི་སྟོང་པ་གྱུར་ཏེ་རང་ཉིད་གཅིག་པུ་མ་ལ་ལུས།།

ཐུན་གསུམ་མཚན་མོའི་རྨི་ལམ་ཞིང་ནས་བུ་ཁྱོད་མཇལ་བ་གྲངས་མེད་ཀྱང་།།

ཞོག་པའི་སྐྱ་རེངས་མཁའ་མཐར་རྫོགས་ཚེ་སླར་ཡང་ང་རང་གཅིག་པུ་ལུས།།

དབང་ཕྱོགས་ཕྲག་ནས་ཉི་གཞོན་འཛུམ་སྟེ་དུས་ཀྱིས་སྒོ་གླེག་བརྡུང་ན་ཡང་།།

བུ་ཁྱོད་བྲལ་བའི་གདུང་བས་ནོན་ཏེ་མགོ་བོ་བཀྱགས་ནས་ལངས་མི་འདོད།།

སྐྱེས་མ་ང་ཡི་མཛེས་པའི་ལུས་དང་དགའ་བའི་སེམས་ཚོར་དཀར་པོ་དག།

རྨང་ནས་ཡལ་ཏེ་སད་ཀྱིས་ཁྱེར་བའི་མེ་ཏོག་ཇི་བཞིན་གང་གིས་ལན།།

བགྲང་བྱ་མཐོ་བས་ལན་པ་མིན་ལ་ཚོང་གཉེར་བྱས་པས་དེ་བས་མིན།།

སོ་ནམ་ལས་ཀྱིས་ལན་པ་མིན་ལ་ཟས་གོས་དབེན་པས་དེ་བས་མིན།།

སྤྲལ་བའི་མིག་དང་ཁོག་པའི་སྙིང་ལས་ཐ་དད་མེད་པའི་སྙིང་དམར་ཁྱོད།།

བརྩེ་བའི་འཛུམ་བརྒྱ་མཛེས་སྡུག་རང་གྲོལ་བཞིན་བཟང་ཟླ་བ་ཉ་གང་དང་།།

སྐྱིད་སྡུག་སྙིང་གཏམ་སྙན་འཇིབས་གདངས་ལ་དགའ་བའི་དགོད་སྒྲ་འཁོར་བ་སོགས།།

མཐོང་ཐོས་མ་གྱུར་ལོ་དང་ཟླ་བ་ཞག་གྲངས་རིང་མོའི་བར་གསེང་ན།།

བུ་ཁྱོད་དྲན་པའི་དྲན་གདུང་སྐྱུར་མོའི་བཟི་ཁ་མོད་པས་ལན་པ་ཙམ།།

ང་ཡི་འཕྲེང་སེམས་དྲི་མེད་ཁ་བཏག་བུ་ཆུང་ཁྱོད་ཀྱི་མདུ་དུ་བརྐྱངས།།

ཁྱོད་ཀྱི་དུང་བ་ང་ལ་ཡོད་ན་བྱམས་བརྩེ་ལག་པའི་ཁྲི་ཤིང་གིས།།

སྐྱེས་མ་ང་ཡི་མགུལ་དུ་འཁྱུད་དེ་གྱེས་མཇལ་མེ་ཏོག་བསྐྲུན་ཕྱིར་དུ།།

ང་ཡི་སྙིང་དམར་སྙིང་གི་མེ་ཏོག་ཨ་མའི་ཕྱོགས་སུ་ཕེབས་རོགས་གནང་།།