འདུན་མ་གླེང་བའི་ང་རོ།
ཁ་མངར་རོ་ཡི་བྲོ་བ་མ་ཚོར་བར།།
མིག་རིལ་སར་ཕབ་སྟེ་རྡོག་འགོ་སྲུང་།།
དྲང་མོའི་མདའ་ལམ་དེད་པའི་ཁུག་སོ་ནས།།
གཡོལ་ཟུར་དཀའ་བའི་མིང་བྱང་སེམས་ལ་ལྕི།།
འགྲོ་དུས་རྒྱབ་མདུན་གཤེར་བའི་སོ་བ་བཙུགས།།
ཕ་རོལ་སེམས་པ་རྨས་པའི་འཆར་གཞི་འདོན།།
ནོར་འཁྲུལ་ཁྲོམ་ལ་བསྒྲགས་པའི་དཔུང་ཁག་གིས།།
རིག་པའི་རྨི་ལམ་གྲོང་དུ་ཉལ་མ་བཅུག།
ནང་དམེ་ཁ་དམག་གཟས་པའི་གཡུལ་ས་ནས།།
ཤུགས་ཀྱིས་རྒྱུག་པའི་ངལ་བ་ཡུན་ནར་ཡང་།
ཤི་རྨས་རོ་མིན་བཟོས་པའི་བཙན་རྫོང་ནས།།
ད་རེབ་གསོན་པོ་ལོག་པའི་དགའ་བ་སྤྱོམས།།
ལངས་དུས་སྡང་མིག་ཞབས་ཀྱི་ལྟ་ཚུལ་དང་།
ཕན་ཚུན་ལྟ་བར་འཁོན་པའི་རྣམ་རྟོག་གིས།།
གཏམ་ངན་ཕ་རོལ་བསྐྱལ་བའི་ཕོ་ཉ་བས།།
ཕན་ཚུན་མིག་ལ་གཟན་པའི་ཆག་སྒོ་ཕྱེ།།
སྤྱི་ཚོགས་བྲོ་བ་སྒུམ་པའི་ལྷོད་ས་ནས།།
སྒེར་དོན་ལག་པ་སྲིངས་པའི་མཇུག་སྣེ་ནས།།
ཕན་ཚུར་ཚིག་མཚོན་བཤམས་པའི་རྒྱབ་ལྗོངས་ནས།།
ལྟ་ཚུལ་འདི་ཡིས་བརྙས་པ་ཐེངས་ཉུང་མིན།།
ལོ་མང་གཡུལ་སར་འཇོན་པའི་དཔའ་བོ་མིན།།
གཡུལ་སར་གསོན་པོ་ལོག་པའི་དཔའ་བོ་ཡིན།།
དྲང་བདེན་སྨྲ་བ་མཁས་པའི་སྐམ་འཚོལ་མིན།།
དྲང་པོའི་མདའ་ཁར་གཏད་པའི་དཔའ་བོ་ཡིན།།
བྱ་བ་དོན་འཁྱོལ་མེད་པའི་བསྙད་བཏགས་དང་།
རེས་མོས་གཏམ་གྱིས་སྤུར་བའི་ཁོར་ཡུག་དེར།།
ང་དང་ཁོག་པ་འདྲོགས་པའི་མི་བུ་དག།
མུན་པའི་བྱིངས་ནས་ཐོན་པའི་འོད་སྣང་ཞིག།