སྒྱུ་རྩལ་ངོ་མ་དེ་གང་ཡིན་ནམ།
སྒྱུ་རྩལ་ཞེས་པ་ནི་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་འགུལ་བསྐྱོད་ཀྱི་ནུས་པས། གཞན་ཡིད་དབང་མེད་དུ་འཕྲོག་པའི་ནུས་པ་ཞིག་ལ་མཚན་ཉིད་ལྡན་པའི་སྒྱུ་རྩལ་ཡིན་ཟེར་ཆོག་ལ། དེ་ལ་གབ་པ་དང་སྦས་པའི་དོན་གྱི་ངོ་བོ་དང་རྣམ་པ་ལྡན་མིན་ལ་རག་ལས་མེད། དེ་ཡང་གཞན་ཡིད་དབང་མེད་དུ་འཕྲོག་པའི་ནུས་པ་ཆེ་ཆུང་ལ་ལྟོས་ནས་སྒྱུ་རྩལ་གྱི་རྣམ་པ་དང་ངོ་བོའི་ལེགས་ཉེས་འབྱེད་དགོས་པ་ལས། གོ་ཚོར་མེད་པའི་གབ་སྦས་ཀྱི་རྣམ་ཅན་ཡིན་མིན་ལ་བརྟེན་དགོས་དོན་གང་ཡང་མེད་ཅིང་། དོན་ངོ་མ་བཤད་ན་ཡུལ་དང་དུས་ལ་ལྟོས་པའི་དངོས་དོན་དང་ཇི་ཙམ་ཉེ་བར་མཚོན་པའི་ལུས་ངག་ཡིད་གསུམ་གྱི་འགུལ་བསྐྱོད་དང་འབྲེལ་ཡོད།
ཡུལ་དུས་དང་མི་མཐུན་པའི་མཛེས་རིས་ལ་ཇི་ཙམ་འབད་ཀྱང་དེ་ནི་དོན་ངོ་མའི་སྒྱུ་རྩལ་གྱི་དོན་གོ་ཆོད་མེད། དཔེར་ན། གནའ་བོའི་གྲགས་ཅན་སྒྱུ་རྩལ་གྱི་མཚོན་དོན་འགའ་དེང་དུས་སུ་ལྟས་ན། དེ་ཙམ་ཡིད་དབང་འཕྲོག་པའི་ནུས་ཤུགས་ལྡན་མེད། དེ་ནི་དུས་ཀྱི་འགྱུར་བས་དེད་དེ་མིའི་བསམ་བློའི་ཁ་ཕྱོགས་གཞན་དུ་ཁྲིད་པའི་རྐྱེན་གྱིས་ཡིན་ངེས་རེད། དུས་རབས་ཀྱི་དགོས་མཁོ་སྐོང་ཐུབ་པའི་ནུས་ཤུགས་ཀྱི་གཟི་འོད་འཕྲོ་བའི་ལས་ལ་འཇུག་ན། དེ་ནི་དུས་དང་མཐུན་པའི་སྒྱུ་རྩལ་གྱི་ལམ་བུའི་སྟེང་དུ་བསྐྱོད་པའི་གོ་ཁ་སྤོ་ཐུབ་ཅེས་བཤད་ཆོག
སྒྱུ་རྩལ་ངོ་མ་ནི། གནའ་དེང་གང་རུང་ཞིག་གི་སྒྱུ་རྩལ་རིགས་པའི་འགྲོས་དང་མཐུན་མིན་ལ་ལྟས་ནས་འཇོག་དགོས། དེང་སང་གི་སྒྱུ་རྩལ་གསར་པ་རྣམས་གནའ་བོའི་སྒྱུ་རྩལ་རིགས་པའི་གཞུང་ལུགས་ཀྱིས་དངོས་སུ་ནི་བསྟན་མེད། འོན་ཀྱང་བཙན་ཐབས་ཀྱིས་ཤུགས་བསྟན་དུ་འགྲེལ་མཁན་མང་བ་སྣང་། དོན་དྲིལ་ན་དེང་རབས་ཀྱི་སྒྱུ་རྩལ་གསར་པ་ཀུན་གནའ་བོའི་སྒྱུ་རྩལ་རིགས་པའི་གཞུང་ལུགས་སྨྲ་བ་རྣམས་ཀྱི་བློ་ཡུལ་དུ་འཆར་མེད་པ་བཤད་ཐུབ། རྒྱུ་མཚན་དེ་ལ་བརྟེན་ནས་དེང་སྐབས་གསར་དུ་དར་བའི་སྒྱུ་རྩལ་གྱི་ལས་རིགས་རྣམས་གནའ་བོའི་སྒྱུ་རྩལ་དྲུག་ཅུ་རེ་བཞིའི་ནང་དུ་འདུ་མིན་འཆད་དགོས་མོད་འདིར་དེ་འཆད་པའི་སྐབས་སུ་མ་བབས་པས་བཞག་པ་བྱ་ལ། དེ་དག་ནི་ཞོར་འཕྲོས་ཙམ་ཡིན།
གནའ་དེང་གང་གི་ལུགས་སུ་བྱས་ཀྱང་སྒྱུ་རྩལ་གྱི་ལས་རིགས་ལ་གབ་པ་དང་སྦས་པའི་དོན་ཚང་མི་དགོས་པ་ནི་མངོན་གསལ་དོད་ཤོས་སུ་མཐོང་། གནའ་བོའི་ལུགས་སུ་བྱས་ན། མི་ལའི་མགུར་གླུ་དང་། ས་སྐྱ་པཎྜི་ཏའི་གསུང་རྩོམ། རྗེ་བདག་ཉིད་ཆེན་པོའི་གསུང་རྩོམ་རྣམས་ནི་མཁས་པའི་གོ་འཕང་བརྙེས་པའི་སྐྱེ་བོ་མཐའ་དག་གི་ཡིད་དབང་འཕྲོག་པའི་གསུང་ཤ་སྟག་ཡིན་པ་གྲགས། དེ་དག་ཐམས་ཅད་གོ་ཚོར་མེད་པའི་གབ་སྦས་ཀྱི་རིགས་ཡིན་པ་མི་མཐོང་། དེ་བཞིན་གནའ་བོའི་གར་དང་རོལ་མོ། བཟོ་དང་གླུ་དབྱངས་ཡོངས་སུ་རྫོགས་པ་ལ་གོར་ཚོེར་མེད་པའི་གབ་སྦས་ཀྱི་རིགས་མེད་པ་མི་ཚད། མངོན་གསལ་ཇི་ཙམ་དོད་ན་དེ་ཙམ་མི་མང་གི་ཡིད་དབང་འཕྲོག་ཐུབ་པའི་ནུས་པ་ལྡན་ཡོད། ཇི་ཙམ་མངོན་གསལ་དོད་ན་དེ་ཙམ་གྲགས་པའི་སྙན་པ་འབར་ཡོད། དེ་དག་ལ་སྒྱུ་རྩལ་གྱི་ནུས་པ་མི་ལྡན་སྨྲ་ན་ཁྱོད་ཀྱིས་ལྟོས་ཤིག
དེང་གི་ལུགས་སུ་བྱས་ཀྱང་། དོན་གང་དུའང་འགྲེལ་རྒྱུ་མེད་པའི་ཚིག་རིས་ཆལ་ཆོལ་དང་། ཆ་ཆོ་ཅན་གྱི་རི་མོ་རྣམས་ལ་གསར་གཏོད་ཀྱི་སྒྱུ་རྩལ་རིག་པའི་ལས་སུ་འཁྲུལ་ནས་དེང་ཁྱབ་ཅུང་ཆེ་ལ་སྤྱོད་མཁན་ཡང་མང་། དེ་དག་གིས་སྔར་མི་མང་མང་ཚོགས་ཀྱི་ཡིད་དབང་འཕྲོག་པའི་ལོ་རྒྱུས་མེད་ཅིང་ཕྱིས་སུའང་ལས་རིགས་དེ་དག་གིས་མི་མང་གི་ཡིད་དབང་དུས་ནམ་ཡང་འཕྲོག་ཐུབ་པའི་ནུས་པ་ཐོན་མི་སྲིད། རྒྱུ་མཚན་ནི། དོན་གྱི་སྙིང་པོ་མི་ཡི་བློ་ཡུལ་དུ་མ་འཆར་ན་ཡིད་ཀྱི་ནུས་པའི་དར་ཆ་ནམ་ཡང་གཡོ་མི་ནུས། སྟོན་པ་པོ་རང་ཉིད་ཀྱི་རྣམ་དཔྱོད་ལས་བྱུང་བའི་རྣམ་པ་གསར་པའི་རིགས་ཀུན། རྣམ་པ་གང་འདྲ་ཞིག་གི་སྒོ་ནས་གཞན་ལ་སྟོན་པའི་ཚེ། སྟོན་པ་པོ་རང་ཉིད་ཀྱིས་བཤད་འདོད་པ་དང་སྟོན་འདོད་པ་རྣམས་མི་མང་གིས་གསལ་ཐིང་ཐིང་ཤེས་ཐུབ་པའི་ནུས་པ་ངེས་པར་དུ་ལྡན་དགོས། དེ་ལྟར་མེད་པར་གཞན་ཡིད་ཇི་ལྟར་འཕྲོག་ནུས་མི་ནུས་པའི་ཕྱིར་རོ།།
གཞན་དུ་ན་གབ་སྦས་ཅན་དང་མངོན་གསལ་ཅན་གང་ཡིན་ཡང་སྟོན་པ་པོས་སྟོན་འདོད་པའི་དོན་རྣམས། རྣམ་པ་གང་འདྲ་ཞིག་གི་སྒོ་ནས་གཞན་ལ་སྟོན་པའི་ཚེ། སྟོན་པ་པོས་མྱོང་བའི་ཚོར་བ་བཞིན་དུ་གཞན་གྱིས་ཀྱང་མྱོང་ཐུབ་དགོས། དེ་ལྟར་ཡོང་བ་ལ་གཞན་གྱིས་གོ་དོན་རྣམས་ཆད་ལུས་མེད་པར་རྟོགས་ཐུབ་དགོས་པ་ནི་བཤད་མི་དགོས་པ་ཤིག་རེད། དེ་ཡོང་བ་ལ་ཁྱོད་ཀྱིས་སྟོན་འདོད་པའི་དོན་རྣམས་གཞན་གྱིས་རྟོགས་ཐུབ་པའི་ལས་ལ་འབད་ལོས་དགོས། དེ་ཡང་དཔེ་འདྲ་མིན་གྱི་སྒོ་ནས་གཞན་གྱི་ཡིད་དབང་འཕྲོག་པའི་རྣམ་པ་འདྲ་མིན་སྣ་ཚོགས་ཅན་ཡོད་ན་ཆེས་ལྷག་པའི་རྒྱུ་འབའ་ཞིག་ཡིན། དཔེར་ན། དེང་སང་བོད་དུ་གཞས་པ་དང་གཞས་མ་རྣམས་ཀྱི་གཞས་ཚིག་ཕལ་མོ་ཆེ་གབ་སྦས་ཉུང་ཞིང་ཅུང་དམར་རྗེན་ཅན་གྱི་རིགས་ལ་སྙན་གྲགས་ཆེ་བ་ཐོབ་ཀྱིན་ཡོད། དེའི་རྒྱུ་མཚན་ཡང་། གླུ་གཞས་ཉན་མཁན་རྣམས་ཀྱིས་གཞས་ཚིག་གི་གོ་དོན་ཡོངས་སུ་རྫོགས་པ་རྟོགས་པའི་སྒོ་ནས་ཚིག་དབྱངས་གཉིས་ལ་རོ་མྱོང་བྱས་ཐུབ་པའི་དབང་གིས་ཡིན་ངེས་རེད།
གབ་སྦས་དང་ཆལ་ཆོལ་ཅན་གྱི་དབང་གིས་གཞན་ལ་གོ་ཚོར་ཅི་ཡང་སྟེར་མི་ནུས་པའི་བྱ་དངོས་གང་ལ་ཡང་སྒྱུ་རྩལ་གྱི་ནུས་པ་གང་ཡང་མེད་ཅེས་བཤད་ཐུབ། རང་ཉིད་ཀྱིས་སྟོན་འདོད་པའི་དོན་ཞིག་ཡིན་ཡང་གཞན་ཡིད་དབང་མེད་དུ་འཕྲོག་ཐུབ་པའི། རྣམ་པ་འདྲ་མིན་གྱི་སྒོ་ནས་སྟོན་པའི་བྱ་བ་གང་ཞིག་ཡིན་ཡང་དེ་ལ་སྒྱུ་རྩལ་གྱི་ནུས་ཤུགས་ལྡན་ཡོད་སྙམ། དེ་གབ་སྦས་ཀྱི་ལམ་ནས་བསྟན་ཀྱང་གོ་ཚོར་དང་འདྲ་འབྲེལ་གང་ཡང་མེད་པའི་རིགས་ངེས་པར་དུ་སྤང་དགོས།
ལི་ཐང་བློ་བསྟན་གྱིས་ཕྱི་ལོ་༢༠༡༡ཟླ་༦ཚེས་༢༢ཉིན་དྷ་རམ་ལར་བྲིས།
