བོད་རེ་བ་ཅན།

ང་ཚོའི་སྲོལ་རྒྱུན་རིག་གནས་ལ་བསམ་ན་རང་གནས་རིག་གནས་ཐོག་ནང་འདྲེན་རིག་གནས་ཀྱིས་ཟུར་བརྒྱན་པ་མཐོང་རྒྱུ་ཡོད་པ་རེད། ནང་རིག་དང་སྒྲ་ཚད་སྙན་ངག་མངོན་བརྗོད་སོགས་རྒྱ་གར་གྱི་རིག་གནས་ཡིན་པས་མཚོན་ཡོད། ད་ལྟའི་དུས་ལ་བསམ་ན་ང་ཚོ་ནི་གཞན་གྱི་ཡིན་ཚད་ལ་དབྱེ་གསལ་མེད་པར་ཕག་པས་སྣ་ལ་ཐུག་ཚད་བཟའ་བ་བཞིན་གཞན་གྱིས་བྱས་ཚད་ཐམས་ཅད་བྱེད་འདོད་པ་ཞིག་རེད། ང་ཚོས་མཐོང་གསལ་ལྟར་སྡོད་ཁང་དང་སྒྲིག་ཆས་དང་། བཟའ་ཆས་དང་གྱོན་ཆས་བོད་ལུགས་མེད་ལ། རྩེད་མོ་ཡང་ཤོ་དང་མིག་མང་སོགས་བོད་ལུགས་མ་ཡིན་པར་མ་ཅང་དང་ཏག་སེ། གཞོང་གྲུག་སོགས་རྩེ་བ་དང་། ལུས་ལ་འཕྲོད་མིན་ལ་མ་བརྟག་པར་ཆང་རག་རིགས་སྣ་ཚོགས་འཐུང་བ་དང་། ཐ་མག་གི་རིགས་ཕལ་ཆེ་བས་ཁ་དང་མི་འབྲལ་བར་རྔུབ་པ་དང་། དེ་བཞིན་དུ་ཐ་སྣ་ལ་བཞེས་ཐ་ཞེས་བཏགས་པའི་སྣ་དུད་འཐེན་ཞིང་། འབྲུ་སྲིན་རིགས་ཡིན་ནོ་ཅོག་བཟའ་བ་ནི་ཡར་ཐོན་ཡིན་པར་བརྩིས་ནས་བཟའ་གི་ཡོད་ལ། སྲོལ་འདི་བོད་མི་སྐྱ་བོ་ཙམ་མ་ཟད་སེར་མོ་བའི་ཁྲོད་དུ་ཆང་རག་ཐ་མག་སྣ་ཐ་ཡང་དར་ཡོད། གྲྭ་པ་མ་ཅང་༼ རྒྱ་སྦག་༽མཁས་ཅན་མང་པོ་ཐོན་ཡོད། གལ་སྲིད་འཛམ་གླིང་ན་གྲྭ་པའི་མ་ཅང་རྩེད་འགྲན་ཞིག་ཡོད་ན་ང་ཚོ་ཨང་དང་པོ་ལོན་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། དཔེར་ན་ལྷ་སའི་སྦག་ཁང་ཁག་ནང་རྟག་ཏུ་མཐོང་རྒྱུ་ཡོད་པ་ལྟ་བུ་མ་ཡིན་ནམ། གཞན་གྱི་གྱོན་ཆས་ལེགས་ཆར་བརྩིས་ནས་གྱོན་སྲོལ་ཆེས་ཆེར་དར་ཞིང་། ད་ལྟ་འབྲོག་ཁུལ་དང་ཞིང་ཁུལ་ཁ་ཤས་ཙམ་མ་གཏོགས་རྒྱུན་དུ་བོད་ཆས་གྱོན་པ་མཐོང་རྒྱུ་ཇེ་ཉུང་ཇེ་ཉུང་དུ་འགྲོ་བཞིན་འདུག དེ་བས་ཧང་སངས་དགོས་པ་ནི་དབུས་གཙང་གཙོ་བོར་གྱུར་པར་དགོན་པ་མང་པོའི་ནང་དུ་གྲྭ་ཆས་གྱོན་སྲོལ་མི་འདུག་ལ། བཙུན་མའི་དགོན་པ་མང་ཆེར་བར་ཚོགས་འཚོགས་པའི་དུས་མ་གཏོགས་གྲྭ་ཆས་གྱོན་སྲོལ་མེད་པ་ཆགས་འདུག གྲྭ་ཆས་གྱོན་པ་ཚོས་ཀྱང་ར་མ་ལུག་འདྲ་མིན་བརྒྱ་ཕྲག་ཞིག་གྱོན་གྱི་འདུག མི་རིགས་གཞན་གྱི་ལུགས་ལྟར་དགའ་རོགས་ཞེས་པ་ཕོ་མོ་གང་བྱུང་ལ་གནས་སྐབས་བཟའ་ཚང་སྒྲིག་སྲོལ་དེ་བོད་མི་སྐྱ་བོའི་ཁྲོད་དར་ཁྱབ་ཆེས་ཆེ་བས་འཐབ་རྩོད་ཀྱི་རང་བཞིན་དུ་གྱུར་དང་གྱུར་བཞིན་པ་མ་ཟད། མི་རིགས་གཞན་ལྟར་ཆང་ས་བརྒྱབ་ཟིན་ཡང་བཟའ་འཐོར་གྱི་ལམ་སྲོལ་ཡང་སྒོ་འཕར་ཡོངས་སུ་ཕྱེས་ནས། ལས་ཁུངས་ནང་ལ་བཟའ་འཐོར་བྱས་མ་མྱོང་བ་མེད་པ་ལྟ་བུ་དང་། གཉེན་སྒྲིག་ཐེངས་མང་གི་ལམ་སྲོལ་ཡང་དར་རྒྱས་འགྲོ་བཞིན་འདུག དེ་བཞིན་གཞན་ལུགས་ལ་མི་རིགས་མི་འདྲ་བ་ལ་གཉེན་སྒྲིག་བྱེད་པའི་ནད་ངན་དེ་ཡ་རབས་དང་སྔོན་ཐོན་ལ་བརྩིས་ནས་རང་རེར་དར་ནས་བོད་ཀྱི་མི་བརྒྱུད་གཙང་མའི་རྒྱུན་གཅོད་ཀྱི་ཡོད། སྤྱིར་གཉེན་སྒྲིག་རང་མོས་ཡིན་པ་བདེན་པ་ཡིན་རུང་། གྲངས་ཉུང་མི་རིགས་ཤིག་གི་ལས་དབང་ལ་བསམས་ན། བོད་མི་རིགས་ཀྱི་ད་ལྟའི་གནས་བབ་ལ་བསམ་ན། མི་རིགས་མཉམ་འདྲེས་གནས་སྡོད་ཀྱི་ཁོར་ཡུག་ལ་བསམ་ན། དེ་ནི་ཐལ་དྲགས་པ་དང་། ཁྲེལ་དང་ངོ་ཚ་མེད་པའི་བྱ་ངན་ཡིན་པ་ཤོད་ག་ལ་དགོས། གནའ་གཏམ་ལ། ལྷ་ཡབ་ཡུམ་ཞལ་སྦྱོར་བྱས་པ་དང་། མི་ནག་རྐུབ་གཏུགས་བྱས་པ་གཉིས། འདྲ་དོ་བསམ་ཀྱང་འདྲ་ལེ་མིན། ཞེས་པ་ལྟར་བཙན་པོ་སྲོང་བཙན་སོགས་ཀྱིས་མི་རིགས་གཞན་དང་གཉེན་སྒྲིག་གནང་བ་ནི་ཆབ་སྲིད་ཀྱི་དགོས་པ་ཡོད་པས་ཡིན་པ་ལས། ཁྱེད་ཅག་ལྟར་འདོད་པས་དེད་ནས་བསླང་བ་ཞིག་མ་རེད། དེར་བརྟེན་ཁྱེད་ཚོའི་བྱ་ངན་གྱི་ཁག་ཁོང་ལ་དཀྲི་ཐབས་མེད། དེར་བརྟེན་བསམ་ཡོད་ཚོས་སོ་སོས་རང་ཉིད་མི་རིགས་ཀྱི་རྐང་འདྲེན་དང་མི་རིགས་ཕུང་གསུམ་དུ་བསྒྱུར་མཁན་དུ་མི་འགྱུར་བ་བྱ་དགོས། བོད་རིགས་གྲྭ་བ་མང་བས་ཕོ་མོ་བསྡུར་ཚད་མི་སྙོམས་པ་ཡིན་ནམ། བུ་ལས་བུ་མོ་སྐྱེ་ཚད་མང་བས་ཡིན་ནམ། བོད་ནང་ལ་བལྟས་ན་རྒྱ་རིགས་དང་ཟ་ལར་དང་སོག་པོ་དང་ཁ་ཆེ་དང་ཧུད་རིགས་སོགས་ཀྱི་མནའ་མར་འགྲོ་མཁན༼ལྷ་ས་གྲོང་འཁྱེར་གྱི་ཁུལ་ལ་མལ་དྲོ་གུང་དཀར། ཆུ་ཤུལ། སྟག་རྩེ་གསུམ་ནི་མང་ཤོས་གྲས་རེད་ཟེར༽ བོད་མོ་ཁྲེལ་མེད་ལོ་རེ་ལས་ལོ་རེ་མང་དུ་འགྲོ་བཞིན་ཡོད་ཅིང་། མི་རིགས་གཞན་དག་བག་མར་ལེན་མཁན་གྱི་བོད་ཕོ་ལ་རྒྱ་མེད་པ་ཡང་ལོ་རེ་ལས་ལོ་རེར་མང་དུ་འགྲོ་བཞིན་འདུག ཕྱི་རྒྱལ་ནང་གནས་ལ་བསམ་ནའང་རྒྱ་བལ་དང་རྒྱ་སེར་སོགས་ཀྱི་གནའ་མ་དང་མག་པར་འགྲོ་མཁན་བོད་རིགས་ཇེ་མང་དུ་འགྲོ་བཞིན་ཡོད། གནས་ཚུལ་དེ་ཚོ་ང་ཚོའི་མིག་གི་མཐོང་སར་ཡོད་པ་འདི་རེད། ཁོ་ཚོས་འཚོ་བའི་ཆེད་དུ་ཡིན་ཟེར་ན་ཡང་། ད་ཆ་འཛམ་གླིང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་སྐབས་ཡིན་པས་ང་ཚོ་མི་རིགས་གཞན་གྱི་མནའ་མ་དང་མག་པ་བྱས་ཀྱང་མུ་གེས་མི་ཤི་ཐག་ཆོད་རེད། མི་དེ་ཚོ་ནི་ལྟ་བ་ཡར་ཐོན་པ་མ་ཡིན་པར་བོད་རིགས་ཀྱི་ཞབས་འདྲེན་དང་། དེ་དག་ནི་མིག་རྒྱང་ཐུང་བ་དང་། ལྟོ་གོས་ཙམ་དོན་གཉེར་བའི་བླུན་པོ་ཤ་སྟག་ཡིན་པ་རེད། དམ་པས། ལྟོ་འགྲང་འབའ་ཞིག་དོན་གཉེར་བ། སྤུ་མེད་པ་ཡི་ཕག་པ་ཡིན། ཞེས་དང་། ལྟོས་འགྲངས་འཁྲིག་སྤྱོད་འབའ་ཞིག་དོན་གཉེར་བའི། སྐྱེ་བོ་དེ་དག་ཕྱུགས་དང་ཁྱད་ཅིག་ཡོད། ཅེས་གསུངས་པ་ལྟར་མ་ཡིན་ནམ། གལ་ཏེ་བོད་རིགས་ཚང་མས་རང་རིགས་ལ་འགན་མ་འཁུར་བར་རྐྱེན་རེ་ལ་ཁག་བཏགས་ནས་གང་དྲན་དེ་འདྲ་བྱས་ནས་བསྡད་པ་ཡིན་ན་མི་རིགས་འདིའི་གདུང་བརྒྱུད་ཀྱི་རྒྱུན་རྩ་མེད་དུ་བརླག་པ་མ་ཟད། གདུང་བརྒྱུད་དེ་དང་འབྲེལ་བའི་མི་རིགས་ཀྱི་གཤིས་སྤྱོད་བཟང་པོ་དང་། རྩ་ཆེའི་རིག་གནས་རྣམས་ནི་ཆུ་དང་ལ་བྱེ་མ་བསླུག་པ་ལྟར་འགྲོ་རྒྱུ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད། ང་ཚོ་སོ་སོ་རང་ཉིད་མི་རིགས་དང་ནང་ཆོས་ཀྱི་ཞབས་འདྲེན་དང་དགྲ་བོར་མི་འགྱུར་བ་བྱ་དགོས་པ་ནི་མི་ཚེའི་རིན་ཐང་ངམ་སྙིང་པོ་གལ་ཆེའི་རང་བཞིན་རེད། དྷ་སར་ཡོད་པའི་ཨ་མདོའི་གྲྭ་པ་ཞིག་གིས་ཕ་ཡུལ་དུ་བཞུགས་པའི་ཨ་མ་ལ་ཁ་པར་བརྒྱབ་ནས་ང་ས་འདིར་གྲྭ་པ་ཡོང་བ་མི་འདུག ད་སྔགས་པར་འགྱུར་ན་བསམ་གྱི་འདུག་ལབ་པ་ལ། ཨ་མས། འོ་ལོས་འགྲིས། ཁྱོད་ཀྱིས་བོད་མོ་ཞིག་ངེས་པར་ལེན་དགོས། མི་རིགས་གཞན་བསླང་ནས་རུས་པ་བཙོག་མ་འཇུག་ཅེས་ཁ་ཏ་བྱས་སྐད་འདུག ཨ་མ་དེ་ཅི་འདྲའི་རླངས་ཆེ་བ་ལ། རང་མི་རིགས་གཙང་མ་སྤེལ་དགོས་པ་ནན་བཤད་བྱས་མི་འདུག་གམ། གཞན་ལུགས་ལ་གཞན་སྐད་ཤེས་ན་རང་སྐད་དོར་བ་ལྟར་རང་རིགས་མཁས་རློམ་ཀླད་མེད་ཚོས་རང་སྐད་དོར་ནས་གཞན་སྐད་སྤྱོད་པ་མ་ཟད། སྐད་ར་མ་ལུག་གང་སར་འཁྱམས་ནས་རང་སྐད་རྙོགས་མ་ཅན་དུ་འགྱུར་བའི་ཆ་རྐྱེན་བསྐྲུན་དང་སྐྲུན་བཞིན་ཡོད་པ་འདི་རེད། བོད་ཀྱི་སྐད་ཡིག་གཉིས་ཀར་ཉེན་ཁ་ཚབས་ཆེན་འཕྲད་ཡོད་པ་མཐོང་གི་མི་འདུག་གམ། འདིར་ལྟར་བྱས་ནས་འཛམ་གླིང་ཐོག་ཏུ་མི་རིགས་མང་པོ་ཞིག་ཉམས་སོང་བའི་ལོ་རྒྱུས་ཡོད་པ་མ་ཤེས་སམ། ང་ཚོས་གཞན་གྱིས་བྱས་ཚད་ལེགས་ཆར་བརྩི་བའི་ནད་ངན་འདི་ངོས་འཛིན་དང་། རིམ་པས་སྔོག་འགོག་ནན་ཏན་དང་། གཤག་བཅོས་བྱ་དགོས་པའི་འགན་ཚང་མར་ཡོད་པ་མ་ཡིན་ནམ། གསལ་བཤད༽ གོང་གི་རྩོམ་ཡིག་དེ་ནི་གཞི་ལུས་བོད་ཀྱི་རྩོམ་པ་པོ་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་དེབ་༼བོད་རེ་བ་ཅན་༽ཞེས་པ་དེ་ནས་བཏུས། དེབ་དེར་སྤྱི་ཚོགས་ནང་གི་དགེ་སྐྱོན་གསལ་བར་དཔྱད་བསྡུར་བྱས་ཏེ་བརྗོད་གཞི་ མི་འདྲ་བའི་ཚན་པ་དྲུག་བཅུ་ར་དྲུག་དཔྱད་བརྗོད་མཛད་པའི་ཕྱག་དེབ་ཞིག་རེད། ཕྱོགས་གཅིག་ཁོ་ན་ལས་མི་མཐོང་བའི་ང་དང་ང་དང་འདྲ་བའི་དྲྭ་གྲོགས་ཚོར་ཐུགས་ཕན་གསེལ་རེས་ཕྲན་ནས་འདིར་འདྲེན་པ་ཡིན།