ཁམས་དཀར་མཛེས་རྫོང་དུ་ཞི་རྒོལ་དང་བཙོན་འཇུག་བྱས་པའི་གནས་ཚུལ་རགས་བསྡུས།
ཕྱི་ཚེས་༡༨ ཉིན་ནས་དཀར་མཛེས་རྫོང་ཁོངས་ཉ་རྒྱས་བཙུན་དགོན་གཙོས་ཞི་རྒོལ་བ་གྲྭ་བཙུན་རྣམས་ཀྱི་བཞུགས་གནས་དགོན་སྡེ་ཁག་གི་ནང་དུ་རྒྱ་མིས་དྲག་ཆས་ཉེན་རྟོག་པ་བཙན་འཛུལ་གྱིས་ཤག་གང་སར་སྔོག་བཤེར་བྱས་པ་མ་ཟད། གྲྭ་བཙུན་རྣམས་ཀྱི་ལག་ཐོགས་ཁ་པར་དང། ཁྱིམ་སྤྱོད་ཁ་པར་སོགས་ཀྱི་ཨང་གྲངས་ལ་ཞིབ་བཤེར་གྱིས་ཐོ་འགོད་བྱེད་པ་སོགས། དྲག་གནོན་དང་ཚོད་འཛིན་སྣ་ཚོགས་བྱེད་བཞིན་ཡོད་འདུག་པས། རགས་རིམ་ཙམ་ལས་ཞི་རྒོལ་བྱུང་བའི་གནས་ཚུལ་ཚང་མ་རྩད་གཅོད་བྱེད་ཐབས་དཀའ་ཡང་། ཉེ་ཆར་དཀར་མཛེས་རྫོང་ཁོངས་སུ་ཞི་རྒོལ་བྱེད་བཞིན་པའི་གནས་ཚུལ་རགས་ཙམ་འབྲེལ་ཡོད་བརྒྱུད་ནས་སྔ་ཕྱིར་འབྱོར་བ་ཁག་ལ་བསྐྱར་དུ་འདྲི་རྩད་ཞིབ་ནན་བྱས་ནས་མདོར་བསྡུས་ཙམ་ཕྱོགས་བསྒྲིགས་བྱས་པ་གཤམ་དུ་བཀོད་ཡོད།
༡༽ ཕྱི་ཟླ་༦ པའི་ཚེས་༦ ཉིན།
ཕྱི་ཚེས་༦ ཉིན་གྱི་ཉིན་གུང་ཆུ་ཚོད་༢ དང་ཕྱེད་ཙམ་ལ་དཀར་མཛེས་དགོན་པའི་གྲྭ་རང་ལོ་༡༨ ཡིན་པ་ཚེ་དབང་བཀྲ་ཤིས་དང། འགྱུར་མེད་བསོད་ནམས་གཉིས་ཀྱིས་དཀར་མཛེས་རྫོང་གྲོང་རྡོ་སེང་གེ་ཞེས་པའི་ས་ཕྱོགས་སུ་ཞི་རྒོལ་སྐད་འབོད་བྱས་པར་བརྟེན། ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་སྟེ་འཛིན་བཟུང་བཀག་ཉར་བྱས་འདུག་ཀྱང་ད་ལྟའི་གནས་སྟངས་གསལ་ཁ་གང་ཡང་མེད་པ་རེད།
༢༽ ཕྱི་ཟླ་༦ པའི་ཚེས་༧ ཉིན།
ཕྱི་ཚེས་༧ ཉིན་དཀར་མཛེས་རྫོང་བེ་རི་དགོན་གྱི་གྲྭ་པ་རང་ལོ་༣༡ ཡིན་པ་འོད་ཟེར་ཕུན་ཚོགས་ལགས་ཀྱིས་དཀར་མཛེས་གྲོང་གི་ཁྲོམ་ལམ་དུ་ཞི་རྒོལ་བྱས་པར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དངོས་སུ་མི་རྣམས་ཀྱིས་མཐོང་ཡོད་པ་རེད། ཁོང་གི་ཕ་མིང་ལ་བློ་བཟང་རྒྱལ་མཚན་དང་མ་མིང་རྟ་མགྲིན་ལྷ་མོ་ཟེར་ཞིང། ད་ཆ་ཁོང་ས་གནས་གང་དུ་ཡོད་མེད་སོགས་གསལ་ཁ་མེད་པ་རེད།
༣༽ ཕྱི་ཟླ་༦ པའི་ཚེས་༡༠ ཉིན།
ཀ༽ ཚེས་༡༠ ཉིན་བོད་ནང་ཉིན་གུང་ཆུ་ཚོད་༡༢ ཙམ་ལ་དཀར་མཛེས་དགོན་དུ་སློབ་སྦྱོང་བྱེད་བཞིན་པ་དཀར་མཛེས་རྩིས་ཚང་དགོན་གྱི་གྲྭ་དཀར་མཛེས་ལྷོ་པ་ཤང་ཕ་ཐུབ་བསྟན་དང་མ་ཚེ་རྒྱན་སྒྲོལ་མ་གཉིས་ཀྱི་བུ་རང་ལོ་༣༠ ཡིན་པ་མགོ་དབྱངས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་གཞུང་གི་ཉེན་རྟོག་པ་དང། དམག་མིས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག
(ཁོང་གི་ནང་མི་ཕ་མ་གཅིག་པའི་སྤུན་མཆེད་རང་ལོ་༢༣ ཡིན་པ་གྲྭ་བློ་དབྱངས་ཀྱིས་ཕྱི་ལོ་༢༠༠༨ ཟླ་༥ པའི་ཚེས་༢༠ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་གིས། དུས་བཀག་བཙོན་འཇུག་ལོ་༣ གྱི་ཁྲིམས་ཐག་བཅད་ནས་རྒྱ་ནག་ཁྲིན་ཏུའུ་ཕྱོགས་ཀྱི་བཙོན་ཁང་ཞིག་གི་ནང་དུ་བཙོན་འཇུག་བྱས་ཡོད་ནའང། ཉེ་ཆར་བཙོན་གྲོལ་ཐོབ་ཡོད་པ་རེད།)
ཁ༽ ཕྱི་ཚེས་༡༠ ཉིན་རྒྱབ། བེ་རི་ནས་ཡིན་པའི་བཙུན་མ། ཕ་བཀྲ་ཤིས་དབང་ཕྱུག་དང་མ་མེ་ཏོག་ལྷ་མོ་གཉིས་ཀྱི་བུ་མོ་ཚེ་དབྱངས་ལགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ལས་འགུལ་སྤེལ་བར་བརྟེན། འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།
ག༽ ཚེས་༡༠ ཉིན་བོད་ནང་གི་དགོང་མོ་ཆུ་ཚོད་༥ པ་ཙམ་གྱི་ཐོག་དཀར་མཛེས་རྫོང་ལམ་བྲག་བཙུན་དགོན་གྱི་བཙུན་མ་རང་ལོ་༢༥ ཡིན་པ་བྱམས་པ་ལྷ་མཚོ་དང་། རང་ལོ་༢༠ ཡིན་པ་བཙུན་མ་རིག་དགའ་གཉིས་ཀྱིས་ལས་འགུལ་སྤེལ་བར་བརྟེན། འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།
༤༽ ཕྱི་ཟླ་༦ པའི་ཚེས་༡༡ ཉིན།
ཀ༽ ཕྱི་ཚེས་༡༡ ཞོགས་པ་ཕ་བློ་བཟང་བསྟན་པ་དང་མ་པདྨ་གཡུ་སྒྲོན་གཉིས་ཀྱི་བུ་བེ་རི་དགོན་གྱི་དགེ་བསྐོས་ཟུར་པ་རང་ལོ་༣༤ ཡིན་པ་གྲྭ་པདྨ་ཚེ་རིང་ལགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ལས་འགུལ་སྤེལ་བར་བརྟེན། འཛིན་བཟུང་བཙོན་འཇུག་བྱས་པ་དང་། ཁོང་ཉིད་འཛིན་བཟུང་བྱས་རྗེས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་གང་ཡང་མེད་པ་རེད།
ཀ༽ ཕྱི་ཚེས་༡༡ ཉིན་བོད་ནང་དགོང་མོའི་ཆུ་ཚོད་༤ པ་ཙམ་ལ། དཀར་མཛེས་རྫོང་། ཁང་དམར་དགོན་གྱི་གྲྭ་པ་སངས་རིན་ཆེན་གྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་སྐད་འབོད་བརྒྱབ་པ་དང། དུས་ཡུན་ཐུང་ངུ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པས་རྡུང་རྡེག་ཚད་མེད་གཏོང་བཞིན་རླངས་འཁོར་ནང་བཅུག་སྟེ་བཙན་ཁྲིད་བྱས་ཡོད་འདུག
༥༽ ཕྱི་ཟླ་༦ པའི་ཚེས་༡༢ ཉིན།
ཀ༽ ཕྱི་ཚེས་༡༢ ཉིན་བོད་ནང་སྔ་དྲོ་ཆུ་ཚོད་༡༠ པ་ཙམ་ལ་དཀར་མཛེས་རྫོང་། ཉི་མོ་དགེ་ཚུལ་དགོན་གྱི་བཙུན་མ། དཀར་མཛེས་རྫོང་སུ་ངོ་ཤང་ཕ་རྩི་སེམས་དང་མ་བསོད་ནམས་ཆོས་སྐྱིད་གཉིས་ཀྱི་བུ་མོ་རང་ལོ་༢༧ ཡིན་པ་ཡེ་ཤེས་ལྷ་མཚོ་དང། དཀར་མཛེས་རྫོང་སུ་ངོ་ཤང་། ཕ་བསོད་ནམས་དངོས་གྲུབ་དང་མ་བདེ་སྐྱིད་ཆོས་མཚོ་གཉིས་ཀྱི་བུ་མོ་རང་ལོ་༢༢ ཙམ་ཡིན་པ་བཙུན་མ་ཆོས་དབྱངས། དཀར་མཛེས་རྫོང་ལྷོ་པ་ཤང། ཕ་རྣམ་རྒྱལ་རྡོ་རྗེ་དང་མ་མཁའ་འགྲོ་གཉིས་ཀྱི་བུ་མོ་རང་ལོ་༢༢ ཡིན་པ་བཙུན་མ་སྤེན་པ་ལྷ་མོ་བཅས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ངོ་རྒོལ་བྱས་པར་བརྟེན། འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།
ཁ༽ ཕྱི་ཚེས་༡༢ ཉིན་གྲྭ་པ་ཞིག་གིས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་པར་བརྟེན། འཛིན་བཟུང་བཙོན་འཇུག་བྱས་ཡོད་ཀྱང། ཁོང་དགོན་པ་གང་ནས་ཡིན་དང་མིང་སོགས་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད།
ག༽ ཕྱི་ཚེས་༡༢ ཉིན་བོད་ནང་གི་དགོང་མོའི་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་ལ། ལྷ་སྐྱིད་ཚང་གི་བུ་མོ་བསྟན་འཛིན་ལྷ་མཚོ་ལགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་བོད་དོན་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་། དམག་མིས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། བསྟན་འཛིན་ལྷ་མཚོ་ནི་དཀར་མཛེས་རྫོང་། ཐིང་ཁ་ཤང་། ལྷ་སྐྱིད་གྲོང་། ༼ཁྱིམ་མིང་ལྷ་སྐྱིད་ཚང་༽ཕ་རྡོ་རྗེ་བདུད་འདུལ་དང་། མ་དབང་མོ་གཉིས་སུ་ཕྱི་ལོ་༡༩༨༤ ལོར་སྐྱེས།
༦༽ ཕྱི་ཟླ་༦ པའི་ཚེས་༡༣ ཉིན།
ཀ༽ ཕྱི་ཚེས་༡༣ ཉིན་དཀར་མཛེས་རྫོང་ཁོངས། དགེ་མ་བྲག་དགོན་གྱི་བཙུན་མ། རྣམ་རྒྱལ་ལྷ་མོ་དང་། བཀྲ་ཤིས་ཆོས་སྒྲོན་གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་ནས་ཉེན་རྟོག་པས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ཡོད་འདུག
ཁ༽ ཕྱི་ཚེས་༡༣ ཉིན་དཀར་མཛེས་རྫོང་ཐོག་ཏུ་བུད་མེད་བགྲེས་སོང་དཀར་མཛེས་རྫོང་དར་རྒྱས་དགོན་པའི་ཉེ་ཕྱོགས་ནས་ཡིན་པ་དང་དམར་ཕྱོགས་ཚོགས་མི་(གུན་ཁྲན་ཏང་ཡོན་)ཡིན་པ་ཚེ་དབང་གིས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ནས་འཛིན་བཟུང་བྱས་པ་མཐོང་ཡོད་ཀྱང། ཁོང་གི་མིང་དང་གྲོང་པ་སོགས་གང་ནས་ཡིན་རྩད་གཅོད་བྱེད་ཐུབ་མེད་པ་རེད།
༧༽ ཕྱི་ཟླ་༦ པའི་ཚེས་༡༤ ཉིན།
ཕྱི་ཚེས་༡༤ ཉིན་དཀར་མཛེས་དར་རྒྱས་དགོན་པའི་དགེ་སློང་ངག་དབང་བློ་བཟང་ལགས་ཀྱིས་ས་ག་ཟླ་བའི་ཚེས་༡༤ ཉིན་རྒྱ་སྒོར་༨༠༠ ཙམ་སྤྲད་ནས་བཟོས་པའི་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་ཆེན་པོ་ཞིག་དགོན་པའི་རང་ཤག་ཏུ་བཤམས་ཡོད་པ་དང་། དགེ་འདུན་པའི་ཞོགས་ཚོགས་སྐབས་སུ་སྐུ་འགྱེད་ཕུལ་བ་དང་། ཚོགས་འདབས་ནས་གསོལ་འདེབས་སྨོན་ལམ་ཤུགས་དྲག་བྱས་པ་སོགས་ཆོས་གྲོགས་རྣམས་ཀྱིས་མཐོང་ཡོད་འདུག ཁོང་གིས་དེ་ལྟར་བྱེད་པ་ནི་བྱ་བ་ལམ་འགྲོ་ཡོང་བའི་ཆེད་དུ་ཡིན་ཞེས་བརྗོད་འདུག
༨༽ ཕྱི་ཟླ་༦ པའི་ཚེས་༡༥ ཉིན།
ཀ༽ ཕྱི་ཚེས་༡༥ ཉིན་དཀར་མཛེས་རྫོང་ཁོངས། དགེ་མ་བྲག་དགོན་གྱི་བཙུན་མ། དཀར་མཛེས་རྫོང་ཐིང་ཁ་ཤང་ཕ་དངོས་གྲུབ་ཕུན་ཚོགས་དང་མ་ཡ་དགའ་གཉིས་ཀྱི་བུ་མོ་རང་ལོ་༣༡ ཡིན་པ་བྱམས་པ་ཆོས་སྒྲོན་དང་། ཞེ་ལྷ་མོ། དཀར་མཛེས་རྫོང་ཁོངས་འབྲོག་སྡེ་ཞིག་ནས་ཡིན་པ་ཕ་བློ་བཟང་སྟོབས་ལྡན་དང། མ་པད་དབྱངས་གཉིས་ཀྱི་བུ་མོ་རང་ལོ་༢༨ ཡིན་པ་དབྱངས་གཅེས་༼མིང་གཞན་བཀྲ་ཤིས་ཚེ་མཚོ་༽གསུམ་གྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ངོ་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་། དམག་མིས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་འདུག
ཁ༽ ཕྱི་ཚེས་༡༥ ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་ཁམས་ཏྲེ་ཧོར་དཀར་མཛེས་དར་རྒྱས་དགོན་པའི་རང་ལོ་༣༧ ཡིན་པའི་དགེ་སློང་ངག་དབང་བློ་བཟང་གིས་དཀར་མཛེས་རྫོང་གི་མི་མང་འདུ་འཛོམས་ཀྱི་དབུས་སུ་པུས་མོ་ས་ལ་བཙུགས། ལག་གཉིས་ཐལ་མོ་སྦྱར་ཏེ་བོད་དོན་འབོད་ཚིག་སྐད་གསང་མཐོན་པོས་སྒྲོག་སྐབས་རྒྱ་མི་སྐོར་སྲུང་བ་སླེབས་ནས་རྡུང་རྡེག་གཏོང་བཞིན་ཁྲིད་ཡོད་འདུག་པ་དང་། ད་ལྟ་གནས་སྟངས་གང་ཡིན་གསལ་ཁ་མེད་པ་རེད།
༩༽ ཕྱི་ཟླ་༦ པའི་ཚེས་༡༧ ཉིན།
ཕྱི་ཚེས་༡༧ ཉིན་བོད་ནང་གི་ཆུ་ཚོད་༡༢ དང་ཕྱེད་ཙམ་ལ་དཀར་མཛེས་རྫོང་ཁང་དམར་དགོན་གྱི་གྲྭ་བླ་མ་ཚེ་རིང་དང། གྲྭ་རིན་ཆེན་རྒྱ་མཚོ་གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། རྒྱ་གཞུང་གི་ཉེན་རྟོག་པ་ཡོང་སྟེ་ཁོང་གཉིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག གྲྭ་བླ་མ་ཚེ་རིང་ནི་ཁམས་དཀར་མཛེས་རྫོང་། སུ་ངོ་ཤང་། ཞི་ལམ་ནང་ཞེས་པའི་གྲོང་ཚོ་རུ་ཕ་ཕུར་པ་དང། མ་བློ་ཆོས་སྒྲོན་གཉིས་སུ་ཕྱི་ལོ་༡༩༨༩ ལོར་སྐྱེས། གྲྭ་རིན་ཆེན་རྒྱ་མཚོ་ནི་ཁམས་དཀར་མཛེས་རྫོང་སུ་ངོ་ཤང་། འགྱུར་ག་གྲོང་ཚོ་རུ་༼ཁྱིམ་མིང་འགྱུར་ག་སྒ་ཚང་༽ཕ་རྣམ་རྒྱལ་རིན་ཆེན་དང་། མ་བློ་སྒྲོལ་མ་གཉིས་སུ་ཕྱི་ལོ་༡༩༩༠ ལོར་སྐྱེས།
༡༠༽ ཕྱི་ཟླ་༦ ཚེས་༡༨ ཉིན།
ཕྱི་ཚེས་༡༨ ཉིན་བོད་ནང་སྔ་དྲོའི་ཆུ་ཚོད་༨ པ་ཙམ་ལ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། བཀྲ་ཤིས་དར་རྒྱས་དགོན་གྱི་ཉེ་འཁོར། དར་རྒྱས་འདན་མ་ཤང་ཕ་བློ་དབྱངས་དང་མ་ཡ་མ་ལྷ་མོ་གཉིས་ཀྱི་བུ་མོ་རང་ལོ་༢༦ ཡིན་པ་ཉ་རྒྱས་བཙུན་དགོན་གྱི་བཙུན་མ་བློ་བཟང་དབྱངས་མཚོ་དང། དཀར་མཛེས་རྫོང་གོང་ལུང་ཤང་ཕ་བྱམས་པ་རྒྱ་མཚོ་དང་མ་བུ་མོ་མཚོ་གཉིས་ཀྱི་བུ་མོ་རང་ལོ་༣༤ ཡིན་པ་བཙུན་མ་བློ་བཟང་མཁའ་འགྲོ། དཀར་མཛེས་རྫོང་གུང་ལུང་ཤང་ཕ་བློ་བཟང་བསོད་ནམས་དང་མ་བདེ་ཆེན་སྒྲོལ་མ་གཉིས་ཀྱི་བུ་མོ་རང་ལོ་༣༠ ཡིན་པ་བཙུན་མ་འཕྲིན་ལས་སྒྲོལ་མ་བཅས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ། སྐད་ཤུགས་ཆེན་པོས་ཞི་རྒོལ་སྐད་འབོད་ཁྲོམ་སྐོར་བྱེད་ཞོར་ཡིག་ཆ་མང་པོ་གཏོར་འགྲེམས་བྱས་ཡོད་འདུག འོན་ཀྱང་དུས་ཡུན་ཐུང་ངུ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོང་གསུམ་ལ་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་འདུག
༡༡༽ ཕྱི་ཟླ་༦ པའི་ཚེས་༡༩ ཉིན།
ཕྱི་ཚེས་༡༩ རེས་གཟའ་ཉི་མའི་ཉིན། དཀར་མཛེས་རྫོང་ཉི་མོ་དགེ་ཚུལ་དགོན་གྱི་བཙུན་མ། དཀར་མཛེས་རྫོང་ལྷོ་པ་ཤང་། ཕ་ཡ་མ་ཕུན་ཚོགས་དང་མ་བཀྲ་ཤིས་ལྷ་མོ་གཉིས་ཀྱིས་བུ་མོ་རང་ལོ་༢༠ ཙམ་ཡིན་པ་བྱམས་ཕྲུག་སྒྲོལ་མ་དང་། དཀར་མཛེས་རྫོང་ལྷོ་པ་ཤང་། མ་ཚེ་འདས་བདེ་སྐྱིད་ཆོས་སྒྲོན་གྱི་བུ་མོ་རང་ལོ་༢༠ མ་ཟིན་ཙམ་ཡིན་པ་སྒྲོལ་མ་དཔལ་མོ་(ཁོང་གི་ཕ་མ་གཉིས་ཀ་སྔོན་མ་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག)གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་། དམག་མིས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།
༡༢༽ ཕྱི་ཟླ་༦ པའི་ཚེས་༢༠ ཉིན།
ཕྱི་ཚེས་༢༠ ཉིན་སྔ་དྲོ་བོད་ནང་ཆུ་ཚོད་༨ ཙམ་ལ་དཀར་མཛེས་དགའ་ལྡན་ཆོས་གླིང་དགོན་གྱི་བཙུན་མ། བཅུ་གཉིས་ལྷ་མོ་ཟེར་བ་ཁོང་གིས་རང་ཉིད་ཀྱིས་བྲིས་པའི་བོད་ཀྱི་རྒྱལ་དར་ཞིག་བསྣམས་ནས། དཀར་མཛེས་རྫོང་གི་ཁྲོམ་གཞུང་གི་མི་མང་འདུ་འཛོམས་ཆེ་སར་ཡིི་གེ་མང་པོ་བཀྲམ་པའི་ཞོར་དུ་བོད་དོན་སྐད་འབོད་བྱས་པར་བརྟེན། འཕྲལ་དུ་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག བཅུ་གཉིས་ལྷ་མོ་ནི། དཀར་མཛེས་རྫོང་ཀ༔བྲག་ཤང་། ཡ་ནང་ཞེས་པའི་གྲོང་ཚོ་རུ་ཕ་བསོད་ནམས་རྒྱ་མཚོ་དང་། མ་ཡེ་ཤེས་དབང་མོ་གཉིས་སུ་ཕྱི་ལོ་༡༩༨༢ ལོར་སྐྱེས།
གོང་གསལ་དཀར་མཛེས་རྫོང་དུ་ཞི་རྒོལ་རིམ་པ་བྱུང་བའི་གནས་ཚུལ་སྙིང་བསྡུས་འདི་ཉིད། ཕྱི་ལོ་༢༠༡༡ ཟླ་༦ ཚེས་༢༣ ཉིན་གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱོགས་བསྒྲིགས་བྱས།