དཀར་མཛེས་རྫོང་དུ་བུ་མོ་གཉིས་ཀྱིས་ཞི་རྒོལ་དང་དམ་དྲག
དེ་ཡང་སེར་བྱེས་ཏྲེ་གྲྭ་དཀར་མཛེས་པདྨ་ཚེ་དབང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཚེས་༢༦ ཉིན་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་བུ་མོ་བདེ་གཡང་ནི། དཀར་མཛེས་རྫོང་མདའ་མདོ་ཤང་། མདའ་མདོ་གྲོང་། ཕ་བཀོལ་སྒྲུབ་དང་། མ་བསོད་ནམས་དབྱངས་ཅན་གཉིས་སུ་སྐྱེས་ཤིང་། ད་ལྟ་རང་ལོ་༡༩ ཡིན་འདུག་པ་དང་། དཔལ་དབྱངས་སྒྲོལ་མ་ནི། དཀར་མཛེས་རྫོང་། མདའ་མདོ་ཤང་། ཁ་ཤུལ་གྲོང་ཚོ་ནས་ཕ་དགྲ་འགུ་དང་། མ་རིན་ཆེན་སྒྲོལ་མ་གཉིས་སུ་སྐྱེས་ཤིང་། ད་སྐབས་རང་ལོ་༡༧ ཡིན་འདུག་པ་དང་། བུ་མོ་ཁོང་གི་ཕ་དགྲ་འགུ་ལགས་ཀྱིས་ཡང་ཕྱི་ལོ་༢༠༠༨ ཟླ་༦ ཚེས་༢༡ ཉིན་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ཀྱི་རྒྱལ་ས་ལྷ་སར་འཁུར་ཡོང་བ་དང་སྟབས་བསྟུན་ཏེ། ཁོང་གིས་མགོ་ལ་རས་དཀར་པོའི་སྟེང་བོད་རང་བཙན་ཡིན་ཞེས་བྲིས་པ་དང་། གདོང་གི་མཁུར་ཚོས་གཉིས་སུ་བོད་ཀྱི་རྒྱལ་དར་རེ་རེ་བྲིས་ཏེ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་རྒྱ་ནག་གཞུང་ནས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཟེར་བ་སོགས་ཀྱི་ནང་དོན་འཁོད་བའི་ཆ་རྐྱེན་དོན་ཚན་དགུ་ཅན་གྱི་ཡིག་ཆ་འབོར་ཆེན་འགྲེམས་གཏོར་བྱས་ཏེ་རྒྱ་གཞུང་ལ་ཞི་རྒོལ་བྱས་རྐྱེན། དྲག་ཆས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཕྱི་ལོ་༢༠༠༩ ཟླ་༨ ཚེས་༣ ཡས་མས་ཤིག་ལ་དུས་བཀག་བཙོན་འཇུག་ལོ་༥ ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཉེ་འཁོར་བཙོན་ཁང་ཞིག་གི་ནང་ད་བར་བཀག་ཉར་བྱེད་མུས་ཡིན་འདུག
ད་ལྟའི་ཆར་ཁམས་དཀར་མཛེས་ཁུལ་བོད་མི་ཚོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་བཞིན་པ་དེ་ལ་རྒྱ་ནག་གཞུང་ཕྱོགས་ནས། དགེ་འདུན་པ་དང་བཙུན་མ་རྣམས་ཀྱི་བཞུགས་གནས་དགོན་སྡེ་ཁག་གི་ནང་དུ་དམ་དྲག་ཤུགས་ཆེན་པོ་བཟོ་བཞིན་པ་མ་ཟད། ཕྱི་ཚེས་༢༤ ཉིན་ནས་མགོ་བརྩམས་ཏེ། དཀར་མཛེས་རྫོང་གི་སྤྱི་བདེ་མི་སྣ་དང་། ས་གནས་སོ་སོའི་ཤག་གི་ལས་བྱེད། གྲོང་སྡེ་ཁག་གི་མགོ་ཁྲིད། གཞན་ཡང་དྲག་མཚོན་ཐོག་པའི་དམག་མི་མང་པོ་ཡོང་སྟེ། དཀར་མཛེས་རྫོང་ཁོངས་སུ་ཡོད་པའི་གྲོང་སྡེ་ཁག་གི་དུད་ཁྱིམ་སོ་སོའི་ནང་འཛུན་ནས་བཙན་ཤེད་ཀྱིས་ད་ནས་བཟུང་ངོ་རྒོལ་གྱི་ལས་འགུལ་མིན་སྤེལ་བ་བྱེད་རྒྱུ་དང་། རྒྱལ་གཅེས་ཁྲིམས་སྲུང་དགོས་རྒྱའི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་འདུག དེ་ལྟ་བུའི་བཙན་ཤུགས་དྲག་གནོན་གྱི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་ལ་བོད་མི་རྣམས་ནས་ད་བར་དང་ལེན་རྩ་བ་ནས་བྱས་མེད་པའི་གནས་ཚུལ་ཐོན་འདུག།།
