གཞན་དོན་ལ་དགའ་བའི་ང་ཚོ།

  དེ་ནི་ནང་ཆོས་ཀྱི་དགོངས་པ་བོད་དུ་དར་བ་མ་ཟད།  མི་རབས་ནས་མི་རབས་བར་ནང་ཆོས་ཀྱི་སློ་གསོ་བརྒྱུད་མར་གནང་བའི་ཤུགས་རྐྱེན་ལས་བྱུང་བ་ལོས་ཡིན།  ང་ཚོའི་འཚོ་བའི་ནང་དུ་གཞན་ཕན་གྱི་བསམ་པའི་བག་ཆགས་བཟང་པོ་ད་བར་རྒྱུན་འཛིན་བྱུང་བ་ནི་དགའ་འོས་པའི་བྱ་བ་ཞིག་རེད།  

ཕྱོགས་གཞན་ནས་བསམ་བློ་བཏང་ན།  དོན་དངོས་ཐོག་ང་ཚོའི་གཞན་དོན་དེ་རང་དོན་དུ་གྱུར་པ་དང་།  རང་དོན་དེ་ཡང་སྒེར་དོན་ཐབས་ཆག་ལ་གྱུར་འདུག་པའི་སྣང་ཚུལ་མཐོང་ཐུབ།  ང་ཚོས་མ་གྱུར་སེམས་ཅན་དང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་འཛམ་བུའི་གླིང་གི་འགྲོ་བ་ཀུན་བདེ་བའི་ཆེད་དུ་ཞེས་ཁ་ནས་རྟག་ཏུ་འདོན་ཞིང་།  སེམས་འགུལ་ཐེབས་བཞིན་པའི་ངང་ཚུལ་མིག་ཟིམ་ཟིམ་ཞིག་བྱེད་པའི་གོམས་གཤིས་ཡོད།  ད་རང་རེའི་ཁ་ཐབས་དངོས་ལ་བལྟ་དུས་གཞན་གང་ཡང་འཇོན་ཐུབ་ཀྱི་མེད་པ་འདི་རེད།  ང་ཚོར་སེམས་རྒྱ་ཆེན་པོ་ཡོད་པ་འདི་ལེགས་ཀྱང་ཡོད་པ་ཙམ་གྱིས་ཅི་ལ་ཡང་མི་ཕན།  ནམ་ཞིག་ཕན་རྒྱུའི་ཡིད་ཆེས་ཡོད་པས་ཀྱང་ད་ལྟའི་དཀའ་ངལ་མི་སེལ།  རང་གི་མདུན་ལ་ཡོད་པའི་དཀའ་ངལ་གནད་ཁག་ཀྱང་ཐག་ཆོད་གང་ཡང་བྱེད་མི་ཐུབ་པ་གསལ་པོ་རེད།

མི་རིགས་ཡར་རྒྱས་ཀྱི་རྨང་གཞི་ནི་སློབ་གསོ་དང་ཤེས་ཡོན་ལ་ཐུག་ཡོད་པ་ནི་རང་རེའི་ལོ་རྒྱུས་དང་།  མི་རིགས་གཞན་གྱི་ལོ་རྒྱུས་ལ་བལྟས་པས་ཤེས་ཐུབ་ལ།  ད་ལྟ་འཚོ་བ་དངོས་ཀྱི་ལན་གསལ་པོ་བཏབ་ཡོད།  འཇར་པན་ལ་ལོ་ལྔ་བཅུའི་གོང་ལ་རྒྱལ་ཡོངས་ལ་ཡིག་རྨོངས་པ་གཅིག་ཀྱང་མེད་པ་ཆགས་ཟིན་ཡོད།   དེར་བརྟེན་ཨེ་ཤེ་ཡ་ན་འགྲན་ཟླ་དང་བྲལ་བ་འདི་བྱུང་བ་རེད།  ང་ཚོ་ནི་མི་འབོར་གྱི་བརྒྱ་ཆ་དྲུག་བཅུ་ཡན་ཙམ་ཡིག་རྨོངས་རྐྱང་རེད།  ང་ཚོའི་མང་ཚོགས་རྒན་རབས་ཁྲོད་ལ་ཡིག་རྨོངས་པ་ཧ་ཅང་མང་བ་མ་ཟད།  ལོ་ཆུང་གི་ཁྲོད་ལ་ཡང་ཡིག་རྨོངས་པའི་བསྡུར་ཚད་བརྒྱ་ཆ་ལྔ་བཅུ་བརྒལ་ཡོད་པ་འདི་རེད།  གོང་རིམ་ནས་སློབ་གསོའི་ཐད་ལ་དོ་ཁུར་ཆེན་པོ་གནང་གི་ཡོད་ཀྱང་།  འོག་གི་འགན་མ་འཁུར་བས་ད་ལྟ་ལོ་ཆུང་མང་པོ་སློབ་གྲྭར་འགྲོ་ཐུབ་ཀྱི་མེད།  ཡིག་ངོ་ཤེས་པ་ཙམ་གྱི་ཡང་མི་འགྲིག་པས་བརྡ་དག་ཆ་ཚང་བ་ཤེས་དགོས།   མི་རིགས་གཞན་དག་ནི་སློབ་གསོ་ལ་དོ་སྣང་ཅི་ཙམ་བྱེད་ཀྱིན་འདུག་ང་ཚོས་གློག་བརྙན་སོགས་ནས་ཀྱང་ཤེས་ཐུབ་པ་འདི་རེད།  ང་ཚོའི་ལོ་གཞོན་སློབ་གྲྭ་མཐར་ཕྱིན་པ་ཕུད་པས།  བོད་ཀྱི་སྐད་ཡིག་དང་གཞན་གྱི་སྐད་ཡིག་ཆ་ཚང་ཤེས་པ་ཧ་ཅང་ཉུང་།   ཉེ་དུས་བོད་ཕྲུག་སློབ་ཆེན་ཐོན་པ་མང་པོ་ཞིག་གི་བོད་ཡིག་གནས་སྟངས་ཧ་ཅང་སྐྱོ་པོ་འདི་རེད།  འདི་ནི་ཕྱོགས་གཅིག་ནས་བོད་རིགས་ཞིང་འབྲོག་པ་ཚོའི་བསམ་བློ་རྒྱ་ཆུང་དྲགས་པས་ལན་པ་ཞིག་རེད།   སློབ་གྲྭ་བཏང་ནས་ལས་བྱེད་པ་མ་ཆགས་ན་ཕན་མེད་བརྩི་ཞིང་ཕྲུ་གུ་སློབ་གྲྭར་མ་གཏོང་བའི་ལྟ་བ་ཡོད་པ་འདི་རེད།   སློབ་ཆེན་ལ་མཐོང་ཆེན་མི་བྱེད་པར་གནས་སྐབས་ཀྱི་ཕྱུགས་རྫི་དང་ཞིང་ལས་དང་།  ཚོང་རྩག་རྩིག་གིས་བློ་ཁ་ཁེངས་དྲགས་པ་དང་།  མཐོང་རྒྱ་ཆུང་དྲགས་པར་བརྟེན།  མདོ་སྨད་ལ་སློབ་ཆེན་གཅིག་དང་ལུག་སུམ་ཅུ་ཕན་ཐོག་ཆེ་ཆུང་གཅིག་པ་རེད་ཅེས་པའི་ཁ་གཏམ་ཡོད་པ་རེད།  དཔེར་ན་ད་ལྟ་ནག་ཆུ་ས་གནས་ལྷ་རི་རྫོང་ཤར་མ་ཤང་ལྟེ་བའི་སློབ་གྲྭར་དགེ་རྒན་ཉི་ཤུ་ལ་སློབ་ཕྲུག་བཞི་ཡོད་པ་ལྟ་བུ་རེད།   རང་དང་རང་གི་བུ་ཕྲུག་ཤེས་ཡོན་ཅན་ཆགས་འདོད་མེད་པ་ཡོད་མི་སྲིད་ཀྱང་།  རྒྱུ་རྐྱེན་འགའ་ལ་བརྟེན་ནས་དེ་འདྲ་ཆགས་ཡོད།   དེས་ང་ཚོའི་རྙིང་ཞེན་དང་རྗེས་ལུས་ཀྱི་བསམ་བློ་མཚོན་ཡོད་པ་རེད།  ཕྱོགས་གཞན་ནས་སྲིད་གཞུང་གི་ལས་བྱ་སྤྱི་དང་བོད་རིགས་ཚོས་རང་མི་རིགས་ལ་འགན་མ་འཁུར་བས་ལན་པ་རེད་ལ།   གཞན་དོན་ལ་དགའ་བའི་བླ་གྲྭ་ཚོའི་ངག་ལ་མང་ཚོགས་ཀྱིས་ཆ་འཇོག་ཆེན་པོ་ཡོད་ཀྱང་།  ཁོང་ཚོས་རང་གི་དགོན་པར་གྲྭ་བཙུན་མང་པོ་ཡོང་རྒྱུའི་རེ་བ་བྱེད་པ་ལས།  མང་ཚོགས་ལ་ཤེས་ཡིན་གལ་ཆེ་ལུགས་དང་དུས་རབས་ཀྱི་འཕེལ་ཕྱོགས་གསལ་བཤད་ཀྱིས་ཕྲུ་གུ་སློབ་གྲྭར་གཏོང་དགོས་པའི་ཁ་ཏ་བྱེད་མཁན་མེད་ལ།  གྲྭ་བཙུན་མང་ཙམ་འདུས་ནས་ཁྲ་ཆིལ་ཆིལ་ཞིག་ཡོང་ཐབས་བྱས་ནས་རྟེན་བཞེངས་དང་ཨར་སྐྲུན་གྱི་ས་རྡོ་དང་ཟངས་ལྕགས་བསྒྱུར་བཅོས་ཁོ་ན་ལ་འབད་པ་དང་།   གྲྭ་བཙུན་ལ་ཆོ་ག་ཆོས་སྤྱོད་འདོན་ལུགས་དང་བཅའ་རྡུང་སོགས་ཕྱི་ཚུལ་རིང་ལུགས་འགའ་སློབ་པ་ལས་གྲྭ་བཙུན་ལ་ནང་རིག་ངོ་མའི་སློབ་གསོའི་ཆ་རྐྱེན་བསྐྲུན་མཁན་དཀོན་པོ་ཆགས་ཡོད།  ཁ་ཤས་ལ་བཤད་གྲྭ་ཡོད་པ་ཡིན་ན་ཡང་ལོ་མང་པོ་སོང་ཡང་།  དགོན་པ་ལ་ཤེས་རིག་གི་སྡེ་ཟེར་ན་ཡང་འཆད་རྩོད་རྩོམ་གསུམ་རང་རྐྱང་འཕེར་བ་ཐོན་པ་གྲངས་ཀ་རྩི་རྒྱུ་ཡོད་པ་ཁ་ཤས་ལས་མེད་པ་འདི་རེད།

དེས་ན་ང་ཚོའི་གཞན་དོན་ལ་དགའ་བའི་བསམ་བློ་དེ་ད་ལྟ་རང་དོན་ཐོག་ལ་འཁྱོལ་མེད།   ང་ཚོས་ཉ་སོགས་སྲོག་བླུ་དང་ཚེ་ཐར་སོགས་ཀྱི་ཆེད་དུ་དྲིལ་བསྒྲགས་དང་།  ཚེས་དུས་བཟང་པོར་སྲོག་བླུ་ཚེ་ཐར་བྱེད་པ་དང་།  བར་ཆད་ལམ་སེལ་དང་སྒྲོལ་མ་མང་པོ་འདོན་བཅུག་པ་ནི་ཡག་པོ་ཡིན་རུང་།  ཕྱོགས་གཅིག་ནས་ཉ་བཙོང་མཁན་ཇེ་མང་དང་ཁོ་ཚོ་ཕྱུག་པོ་འགྲོ་བའི་ཆ་རྐྱེན་ང་ཚོས་བསྐྲུན་པ་མ་རེད་དམ།  དེ་བས་རང་མི་རིགས་ཀྱི་བླ་སྲོག་སྐད་ཡིག་དང་ཤེས་རིག་གི་སྲོག་བླུ་དང་།  བེད་མེད་ཉམས་དམད་ཀྱི་གནས་སྐབས་ལས་ཚེ་ཐར་གཏོང་བ་དང་།  བླུན་རྨོངས་དང་ཡིག་རྨོངས་པ་སེལ་བ་སོགས་ཀྱི་མི་རིགས་ཀྱི་བར་ཆད་ལམ་སེལ་དང་།  དུས་རབས་ཀྱི་དཀའ་གནད་འདི་ལས་སྒྲོལ་བའི་གཞི་མ་སློབ་གསོ་ལ་རོགས་རམ་དང་ཤུགས་བརྒྱས་ན་ཕན་ཡོན་ཆེན་པོ་ཡོད་ལ་ང་ཚོས་བྱེད་འོས་པ་དང་བྱེད་དགོས་ངེས་མ་ཡིན་ནམ།  དགོན་ཞིག་དང་གྱང་གོག་དང་རྟེན་གསུམ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱ་རྒྱུ་ནི་གལ་ཆེན་མ་རེད།  འགྲོ་བའི་སྐྱབས་གནས་གྲྭ་བཙུན་ཚོའི་ཤེས་ཡོན་དང་ཀུན་སྤྱོད་ཀྱི་ཁ་ཐབས་ཧ་ཅང་སྐྱོ་བོ་ཡིན་པ་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཆེད་དུ་ཤེས་ཡོན་དང་ཀུན་སྤྱོད་སྤུས་ཚད་གོང་མཐོར་གཏོང་ན་མི་ལེགས་སམ།

ཐབས་སྐྱོ་ཤོས་ནི་ད་ཆ་རྒྱལ་ཁབ་ཕྱི་ནང་དུ་ངོ་ཚ་ཞེ་ཁྲེལ་མེད་པའི་བོད་རིགས་འདོད་རྔམ་ཅན་འགས་བོད་དོན་ཁ་ལ་འཁྱེར་ནས་ཚོགས་པ་མིང་སྙན་པོ་འདྲ་མིན་བཙུགས་ནས་ཁང་པ་མང་པོ་ཉོས་ནས་རང་ཉིད་ཀྱི་སྒེར་སྤྱོད་བྱས། བོད་དུ་སློབ་གསོ་དང་།  འཕྲོད་བསྟེན།  རིག་དངོས།  སྒྱུ་རྩལ་དང་།   དགོན་པ་དང་བཤད་གྲྭ་སོགས་ལ་རོགས་རམ་བྱེད་པའི་མིང་འཁྱེར་ནས་རང་དོན་བསྒྲུབ་མཁན་འདི་དག་རེད།  བོད་ཀྱི་གནས་སྟངས་འདི་འདྲའི་དུས་སུ་ཁོ་ཚོས་བྱ་ངན་སྤྱོད་ངན་འདི་འདྲ་བྱེད་ཕོད་པ་ནི་ཧ་ལས་པ་དང་ཧང་སངས་དགོས་པ་ཞིག་རེད།  རང་མི་རིགས་ཚོང་ཟོག་ལ་བརྩིས་ནས་ཕྱི་ཕྱོགས་ཀྱི་རོགས་རམ་པར་མགོ་བསྐོར་གཏོང་གི་ཡོད་པ་འདི་རེད།  མི་ངན་དེ་ཚོའི་གྲས་ལ་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་གཟབ་ནས་བྱ་དགོས་ལ།  ཁོ་ཚོའི་བྱ་ངན་རྣམས་ཐེར་འདོན་བྱ་དགོས།

གཞན་ཡང་ང་ཚོའི་བྱང་སེམས་ཚོས་འགྲོ་བ་རིགས་དྲུག་ག་ཆེད་དུ་ཡིན་ཟེར་བའི་ལས་འགུལ་སྤེལ་བ་རྣམས་ཀྱི་ཁ་ཕྱོགས་དེ་ངེས་པར་དུ་བསྒྱུར་དགོས་འདུག  ཁོ་ཚོས་དངོས་སུ་རང་ཉིད་གནས་སའི་ལུང་པའི་མི་རྣམས་ཀྱི་ཤེས་ཡོན་གྱི་ཆུ་ཚད་སྐྱོ་བོ་དེ་ལ་ཡང་ཕན་ཐོགས་ཀྱི་མེད་སྟབས།  རིགས་དྲུག་གི་འགྲོ་དོན་ལ་བསམ་བློ་ཡང་བསྐྱར་གཏོང་དགོས་འདུག  སྔོན་ལ་རང་གི་གནས་ཡུལ་གྱི་ལུང་པའི་མི་ཉུང་ངུ་འདི་རྣམས་མི་རིགས་གཞན་ལྟར་ཡིག་རྨོངས་སེལ་ནས་སློབ་གསོ་ཅན་ལ་བསྒྱུར་བ་དང་།  དེ་ནས་རིམ་པས་འགྲོ་བ་རིགས་དྲུག་ལ་ཕན་བཏགས་ཐུབ་ན་ཤིན་ཏུ་ལེགས།  རང་རིགས་དང་རང་ཡུལ་ལ་ཕན་མི་ཐོགས་པ་ཞིག་གིས་འགྲོ་བ་རིགས་དྲུག་ལ་ཕན་བཏགས་ཁུལ་བྱེད་པ་ནི་བགད་མོ་སློང་བ་མ་ཡིན་ནམ།

གཞན་ཕན་བྱང་སེམས་དེ་དངོས་སུ་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་པ་ལ་ཤེས་ཡོན་ཅན་གསོ་སྐྱོང་བྱེད་དགོས་པ་ལས་ཁང་གོག་འཛུགས་སྐྲུན་གྱིས་མི་ཕན།  ཤེས་ཡོན་ཅན་གང་མང་དང་གང་ཡག་གསོ་སྐྱོང་བྱེད་ཐུབ་ན།  དངོས་སུ་གཞན་གྱི་དཀའ་ངལ་སྤྱན་རས་ཀྱི་གཟིགས་ཐུབ་པ་ཙམ་མ་ཟད།   དེ་སེལ་བའི་ནུས་སྟོབས་ཕྱག་སྟོང་སྤྱན་སྟོང་དུ་གྱུར་ཐུབ་ན་མི་རིགས་འདི་ཉིད་དང་འགྲོ་བ་རིགས་དྲུག་ལ་ཕན་ཐོགས་བྱེད་ཐུབ། ཤེས་ཡོན་མི་དགོས་པར་གཞན་དོན་བྱེད་ཚུལ་ཞིག་སངས་རྒྱས་ཀྱི་ཀྱང་གསུངས་མ་མྱོང་མེད་ལ།  ཡོང་ཐབས་ཀྱང་གཏན་ནས་མེད་པ་ལྐུགས་པ་མིན་པ་ཚང་མས་ཤེས་གསལ་རེད།  ཆོས་ཚིག་གཅིག་གི་ཆེད་དུ་ཡང་སྐུ་ལས་མང་པོ་བརྒྱབ་ནས་སློབ་སྦྱོང་བྱས་ཚུལ་གསུངས་ཡོད།  སློབ་སྦྱོང་མི་དགོས་པར་བསམ་པ་ཡོད་པས་འགྲིག་པར་གསུང་མྱོང་མི་འདུག་པས།  སྔོན་ལ་རང་ཡུལ་དང་རང་རིགས་རྣམས་སྐྱབས་ནས་དེ་རྗེས་འགྲོ་བ་ཀུན་ལ་ཕན་བཏགས་ན་འཕྱི་དྲག་མེད།  ང་ཚོས་དོན་དངོས་དང་འཚམ་པར་རང་གཞན་གཉིས་ཀར་ཕན་ཞིག་བྱ་རྒྱུ་ནི་མི་ལུས་ཐོབ་པའི་སྙིང་པོའམ་རེ་བ་མ་ཡིན་ནམ།