ལོ་རྒན་དགུ་བཅུ་དེ་ཚེ་མཇུག་རེད་དམ་ད་དུང་ཚེ་ལྷག་ཡོད།

དཀྱིལ་ཤར་རྒྱལ་ཁབ་ Tunisia. syria. Libya. Egypt. Yemen. Iran. Saudiarabia.Morocco.Jardan. Algeria སོགས་སུ་མི་མང་གིས་བཀས་བཀོད་བརྒྱུད་འཛིན་གྱི་སྲིད་གཞུང་འགོ་རྟིང་སློག་དགོས་པའི་གྱེན་ལངས་ཆེན་པོ་ཞིག་གཅིག་རྗེས་གཉིས་མཐུད་བྱས་དང་བྱེད་བཞིན་པ་དང། རྒྱ་ནག་གཞུང་གིས་ཡུལ་དེ་དང་དེའི་སྲིད་གཞུང་དང་གྱེན་ལངས་པ་གཉིས་ཀར་ཐུག་འཕྲད་ཀྱིས་བར་འདུམ་བྱེད་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་དབང་ཆ་གཅིག་བསྡུས་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་སྲིད་གཞུང་འགོ་རྟིང་སློག་དགོས་པའི་གྱེན་ལངས་འདིའི་དམིགས་ཡུལ་གཙོ་བོ་ནི། དམངས་གཙོའི་ལམ་ལུགས་དར་སྤེལ་དང་སྲིད་གཞུང་གི་ལས་ཀྱི་སྣེ་མོ་བ་མི་མང་གིས་འདེམས་ཐོན་གྱི་འོས་མི་ཞིག་དགོས་པར་རེ་འདུན་བྱེད་ཀྱི་ཡོད་པས། གལ་སྲིད་ལུང་པ་འདི་དག་ལ་འགྱུར་ལྡོག་ཆེན་པོ་ཞིག་སོང་ན། འདིའི་ཤུགས་རྐྱེན་གྱི་རླུང་ཤུགས་དེ་རིམ་གྱིས་རྒྱ་ནག་མི་མང་གི་བསམ་བློའི་ནང་འཛུལ་དོགས་བྱེད་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་ཁྲིམས་ཁང་དང་རྒྱལ་ཚོགས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་དཀྱིལ་ཤར་རྒྱལ་ཁབ་ཁག་གི་མི་མང་གི་དགོས་འདུན་གཙོ་བོར་བཟུང་ནས། Libya རྒྱལ་ཁབ་ཀྱི་སྲིད་འཛིན་Gaddafi དང་ཁོང་གི་བུ། ལས་རོགས་སོགས་འཕྲལ་དུ་ལས་གནས་ལས་ཕྱིར་བཤོལ་བྱེད་དགོས་པ་ལས། དེ་མིན་གྱོད་འཛུགས་ཀྱིས་བཙོན་འཇུག་བྱེད་རྒྱུའི་ཉེན་བརྡ་བཏང་ཟིན་པ་རེད། རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་ལས་འགུལ་བ་ཚོས་ཕྱིར་འཐེན་བྱེད་དགོས་པ་དང། Gaddafi གོ་གནས་རང་སོར་གནས་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།

དཀྱིལ་ཤར་རྒྱལ་ཁབ་ཁག་གི་གྱེན་ལངས་དེ་རྒྱ་ནག་གི་གནས་བབས་དང་ཅུང་ཟད་ཐ་དད་དུ་གནས་ཡོད། ལུང་པ་འདི་དག་གི་དཀའ་ངལ་དེ་གཙོ་བོ་ཁྱིམ་ཚང་ཆེ་གྲས་དང། དབང་ཤུགས་ཆེ་བའི་མི་སྣས་ལོ་མང་སྲིད་གཞུང་དབང་སྒྱུར་བྱས་པས་དཔལ་འབྱོར་གྱི་དཀའ་ངལ་དེ་གཙོར་འདོན་བྱས་ནས་གྱེན་ལངས་བྱེད་ཀྱི་ཡོད། དཔེར་ན། Libya རྒྱལ་ཁབ་ཀྱི་སྲིད་འཛིན་ Gaddafi ཞེས་པ་འདིས་སྲིད་གཞུང་གི་དབང་ཆ་མི་ལོ་བཞི་བཅུ་ཙམ་གྱི་རིང་ལ་དབང་སྒྱུར་བྱས་པ་དང་བྱེད་བཞིན་པ་ཡིན། དེ་བཞིན་དཀྱིལ་ཤར་གྱི་ལུང་པ་མང་པོའི་ནང་མི་ཚང་ཆེ་གྲས་ཀྱི་རྒྱུད་པ་མང་པོས་དབང་སྒྱུར་བྱེད་བཞིན་ཡོད་པས་མི་མང་གིས་གྱེན་ལངས་བྱེད་ཀྱི་ཡོད། འདི་དག་ལ་བསྡུར་ན་རྒྱ་ནག་གི་སྲིད་གཞུང་དེ་ཅུང་ལམ་ལུགས་དང་ལྡན་པ་ཞིག་དང། ལྷག་དོན་དཔལ་འབྱོར་གྱི་ཕྱོགས་ནས་ཧ་ཅང་གི་ནུས་ལྡན་དང་གྲུབ་འབྲས་འབུར་ཐོན་གྱི་གནས་སུ་སླེབས་ཟིན་ཞིང་། འཛམ་གླིང་ནང་རྒྱ་ནག་རྒྱལ་ཁབ་འབྱོར་ལྡན་གཉིས་པའི་གྲས་སུ་ཚུད་པ་འདིས་ཀྱང་། ང་ཚོས་རྒྱ་ནག་གི་དཔལ་འབྱོར་གྱི་གནས་བབ་ལ་ཚོད་དཔག་བྱས་ཐུབ།

རྒྱ་ནག་གུང་ཁྲིན་ཏང་གི་ཚོགས་པ་བཙུགས་ནས་ལོ་༩༠ འཁོར་ལ་ཉེ་བ་དང། རྒྱ་བོད་གཉིས་དབར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་ལོ་༦༠ འཁོར་བ་འདི་ལ། བོད་ཞི་བས་བཅིང་གྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བ་ཞེས་སོགས་མིང་སྙན་པོ་རེ་བཏགས་ནས། དེང་སྐབས་བོད་སྐད་ཀྱི་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་ཚེ་བརྟན་སྒྲོལ་མ་སོགས་གུང་ཁྲིན་ལ་བསྟོད་དབྱངས་ལེན་མཁན་ཚོའི་ལེ་ཚན་ཆེད་བསྒྲགས་བྱས་པ་དང། བཅིང་གྲོལ་དམག་མིའི་ལོ་རྒྱུས་འཁྲབ་ཚན་ཆེད་གཏོང་བྱས་པ་སོགས། འཛམ་གླིང་ཐོག་བོད་རིགས་མི་མང་གི་མངོན་འདུན་གུང་ཁྲིན་ཏང་གིས་བསྒྲུབས་དང་སྒྲུབ་བཞིན་པ་ཡིན་ཞེས་ཁྱབ་བསྒྲགས་བྱེད་བཞིན་པ་དང། དེའི་ཐོག་གུང་ཁྲན་ཏང་ལོ་རྒན་༩༠ འཁོར་བའི་མཛད་སྒོའི་ཆེད་དུ། རྒྱ་ནག་ཁྱོན་ཡོངས་སུ་ལས་འགུལ་སྤེལ་བཞིན་པ་རེད། དཔེར་ན། རྒྱ་ནག་མེ་འཁོར་ཐོན་བསྐྱེད་དང་བདག་གཉེར་ཁང་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་ཧྲང་ཧེ་བར་དུས་ཡུན་ཆུ་ཚོད་༥ ནང་འབྱོར་ཐུབ་པའི་མེ་འཁོར་ཞིག་གསར་སྐྲུན་བྱས་ཡོད་པ་དང། མེ་འཁོར་གྱི་པཱ་སི་གནམ་གྲུའི་པཱ་སི་ལས་གོང་ཆེ་བ་ཞིག་ཡིན་པ་དེ། གུང་ཁྲན་ཏང་ལོ་༩༠ འཁོར་བའི་ལེགས་སྐྱེས་ཡིན་ཞེས་བརྗོད་བཞིན་པ་རེད། མེ་འཁོར་དེའི་མགྱོགས་ཚད་རྒྱ་གར་གྱི་མེ་འཁོར་དང་བསྡུར་ནས་དབྱེ་ཞིབ་པ་ཚོས་བརྗོད་དོན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་སྦི་ཧར་མངའ་སྡེའི་བར་གྱི་རྒྱང་ཚད་དེ། རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་ཧྲང་ཧེའི་བར་གཅིག་མཚུངས་ཆགས་ཀྱི་ཡོད་པ་དང། རྒྱང་ཚད་དེའི་ནང་རྒྱ་གར་གྱི་མེ་འཁོར་ཆུ་ཚོད་༡༩ ལྷག་ཙམ་འགོར་གྱི་ཡོད་པ་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

དོན་ཧྲིལ་གྱིས་བསྡུས་ན། བོད་ཀྱི་ས་ཁུལ་མདོ་སྟོད་སྨད་གཉིས་ནས་ཞི་རྒོལ་རྒྱུན་ཆད་མེད་པ་བྱེད་བཞིན་པ་དང། རྒྱ་གཞུང་གིས་བོད་མི་མང་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ནས་ལོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་བྱེད་བཞིན་པ་གཉིས། དངོས་སུ་རྒྱབ་འགལ་དུ་འགྲོ་བཞིན་པ་ཡིན་རུང་བཙན་བྱོལ་ནང་ད་དུང་ཡང་དེའི་སྐོར་ཅུང་ཟད་ལྷིང་འཇགས་བྱས་ནས་གནས་བཞིན་ཡོད། དེ་ལས་ལྡོག་སྟེ་བོད་གཞུང་བསྡུ་གསོག་བརྒྱབ་རབས་དང་། དེ་རིང་ནས་མང་གཙོའི་ཀ་བ་གསུམ་ལྡན་གྱི་བོད་མིའི་སྒྲིག་འཛུགས་འདི། བོད་མི་ཚོའི་ངོ་ཚབ་མཚོན་པའི་གཞུང་ལ་ངོས་འཛིན་བྱེད་ཐབས་མེད་རབས་སོགས། ནང་ཁུལ་འཐབ་རྩོད་ཀྱི་སྐད་ཆ་རེ་བཤད་ནས་དུས་འདའ་བཞིན་ཡོད།