འདོད་ཆུང་།
གནས་ལུགས་ དེར་རྒྱུ་མཚན་གཏན་ནས་མེད་པ་ཡིན་མི་སྲིད་མོད་མཐོང་ཚུལ་འདི་ལྟ་བུའི་ཕག་གི་སྐྱེ་བོ་ཚོར་ཞིབ་ འཇུག་གི་ཚད་གཞི་འདང་ངེས་པ་ཞིག་མེད་ཅེས་བཤད་ཐུབ། ང་ཚོས་འདོད་པ་ཆེན་པོ་རི་རྒྱལ་ལྟ་བུ་ ཞིག་ཁུར་ནས་ད་བར་འདུལ་ཞིང་རྒྱུགས། དཔལ་འབྱོར། མཛེས་མ། དེང་རབས་ཀྱི་མཁོ་ཆས་རིན་ ཐང་ཅན་མང་པོ། འཁོར་གཡོག མཚན་སྙན་གྲགས། དེ་ལ་སོགས་པའི་ཧ་ཅང་གི་མང་པོ་མང་པོ་ཞིག་ གི་ཆེད་དུ་དལ་མ་མྱོང་མོད། འདི་དག་གི་ཆ་ཤས་རེ་ཐོབ་ཐེངས་རེར་བདེ་ཚོར་ཕྲན་བུ་རེའི་རྒྱུ་བ་དང་ ལྷན་དུ་དེ་ལས་བརྒལ་བའི་འདོད་པ་ཧ་ཅང་མང་པོ་མང་པོ་ཞིག་གིས་སླར་ཡང་གཙིག་འོང་། རང་ཉིད་ ཀྱིས་འབད་འབད་སྒྲུབ་སྒྲུབ་ཀྱིས་ཐོབ་པའི་དངོས་པོ་འདི་དག་ཐོབ་པ་ནས་སྐད་ཆ་བཤད་སྟངས་དང་། རྣམ་འགྱུར་སྟོན་སྟངས་ཚུད་ཆད་གཞན་ཕྱོགས་ནས་གོ་བ་ལེན་ཕྱོགས་འགྱུར་འགྲོ། ཐ་ན་རང་དང་སྙིང་ ཉེ་བའི་གྲོགས་པོ་དག་ཀྱང་སྔར་གྱི་བྱེད་སྟངས་གཅིག་མཚུངས་ཤིག་གིས་རང་ལ་ལྟ་ཕྱོགས་འགྱུར་འགྲོ། རང་དང་དཔལ་འབྱོར་འདྲ་མཉམ་གྱི་གྲོགས་པོ་ཞིག་གིས་རང་ལ་སྤྲང་པོ་ཞེས་བརྗོད་སྐབས་དང་རང་ ལས་དཔལ་འབྱོར་གྱི་ཆུ་ཚད་མཐོ་བའི་གྲོགས་པོ་ཞིག་གིས་དེ་ལྟར་བརྗོད་པ་གཉིས་གཤིབ་བསྡུར་ གྱིས་བལྟས་ན། རང་གི་སྙིང་ལ་ན་གཟུག་གཏོང་མཁན་དེ་རང་ལས་དཔལ་འབྱོར་གྱི་ཆུ་ཚད་མཐོ་བའི་ གྲོགས་པོས་བརྗོད་པའི་ཚིག་བརྗོད་དེ་ཡིན་ངེས། དེས་ང་ཚོར་ཐོབ་དགོས་པ་དེ་ཐོབ་ཀྱང་ད་དུང་བདེ་ སྐྱིད་དང་དགའ་སྤྲོའི་རྣམ་འགྱུར་གྱིས་ང་ཚོར་གཏན་དུ་གྲོགས་འགྲོགས་མི་ཐུབ་པའི་གསལ་བཤད་བྱས་ཡོད། བསམ་ཞིང་བསམ་ན་འདོད་པ་ལ་ཚད་ཡོད་དགོས་པ་དང་འདོད་པའི་ཆོག་ཤེས་དགོས་པ་དེ་ ཡང་འགྲོ་བ་མིའི་སྤྱི་ཡོངས་ཀྱི་བདེ་སྐྱིད་ཀྱི་རྨང་གཞི་ལ་ངོས་བཟུང་ཆོག་པ་ལས་ཆོས་ལུགས་པ་དང་ ཐར་བ་དོན་དུ་གཉེར་མཁན་ཚོས་ལས་དོན་ཙམ་ཞིག་ནམ་ཡང་ཡིན་མི་སྲིད་པའི་ངེས་ཤེས་སྐྱེ་ཐུབ། འདི་ཡང་བླ་ན་མེད་པའི་སྟོན་པ་མཆོག་གིས་ང་ཚོར་གནང་བའི་མི་ཆོས་ཤིག་རེད། ༢༠༡༡/༦/༩ལ་བྲིས།