ད་ཐེངས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་མཇལ་འཕྲད་གནང་སྲིད་དམ།

༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་བཀའ་བློན་ཁྲི་པ་དང་ཁྲིམས་བཟོ་ལྷན་ཚོགས་སོགས་ལ་མར་གནང་ཟིན་པ་དང། དེ་དང་རྗེས་འབྲེལ་གྱི་བཅའ་ཁྲིམས་བསྐྱར་བཅོས་དང་མཚན་བྱང་སོགས་ལ་འགྱུར་བ་གང་འཚམས་སོང་ཡོད་པས། གལ་ཏེ་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ན་སྔོན་དུས་ཀྱི་མཇལ་འཕྲད་དང་རྣམ་པ་མི་འདྲ་བ་ཞིག་ཆགས་ཡོད་པ་དང།། མཇལ་འཕྲད་གནང་བདེ་རུ་ཆགས་ཡོད་པའི་སྐོར་རྒྱ་གར་གྱི་ཚགས་ཤོག་སོགས་སུ་དཔྱད་བརྗོད་སྤེལ་ཡོད་པ་རེད། ༧གོང་ས་མཆོག་རྒྱལ་ཁབ་གང་ཞིག་ཏུ་ཕེབས་པ་དང་དཔོན་རིགས་སུ་ཞིག་ལ་མཇལ་འཕྲད་གནང་རུང། རྒྱ་ནག་གཞུང་ཕྱོགས་ནས་སྐྱོན་བརྗོད་རེ་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་དང་། ལྷག་དོན་ད་ཐེངས་༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་པ་དེ་དངོས་ཡོད་མིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པས། སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་གནང་འཆར་མེད་ནའང། རྒྱ་ནག་གིས་སྐྱོན་བརྗོད་དང་གནོན་ཤུགས་ཡོང་རྒྱུ་ནི་སྨོས་མི་དགོས་པ་ཞིག་རེད།

གཟའ་འཁོར་རྗེས་མར་༧གོང་ས་མཆོག་དགུང་གྲངས་བདུན་ཅུ་དོན་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང། དུས་འཁོར་དབང་ཆེན་༣༡ པ་ཨ་རིའི་ནང་གནང་བ་དང་བསྟུན་ནས་མི་མང་འདུ་འཛོམས་ཆེན་པོ་ཞིག་བྱེད་རྒྱུ་ཡིན་པ་དང། ལྷག་དོན་བཀའ་ཁྲི་དང་བདམས་ཐོན་བཀའ་ཁྲི་སོགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་དཔོན་རིགས་རྣམ་པ་ཚོའང་ཕེབས་རྒྱུ་ཡིན་པས། དུས་ཚིགས་འདི་ནི་བཙན་བྱོལ་བོད་མི་དང་གཞུང་ས་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེན་པོའི་ཁྲོད་ནས། ཨ་རིའི་གྲོང་ཁྱེར་ཝ་ཤིན་ཊོན་དུ་བོད་མི་འདུ་འཛོམས་ཆེ་ཤོས་ཤིག་ཆགས་རྒྱུ་ཡིན་པ་དང། དུས་ཚིགས་འདི་འདྲའི་ཁྲོད་ནས་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ན། བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་དང། གཅིག་བྱས་ན་བོད་རྒྱའི་འབྲེལ་མོལ་གྱི་གནས་བབ་ལའང་འགྱུར་ལྡོག་ཅིག་ཡོང་སྲིད།

ལྷག་དོན་ད་ལྟའི་སྐབས་བོད་མདོ་སྨད་རྔ་པ་ཁུལ་དང་ཁམས་དཀར་མཛེས་ཁུལ་གྱི་ཞི་རྒོལ་བ་ཚོ་བཙོན་འཇུག་དང། བཀག་ཉར། མནར་གཅོད་གཏོང་བཞིན་པ་རྣམས་གློད་གྲོལ་ཡོང་ཐབས་དང། བོད་ནང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་འགྱུར་ལྡོག་ཅིག་ཀྱང་ཡོང་སྲིད། བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་གསུམ་པའི་ནང། “བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་”ཞེས་གསལ་བ་བཞིན། ད་ལྟའི་སྐབས་༧གོང་ས་མཆོག་གིས་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང་མཇའ་འཕྲད་གནང་རྒྱུ་དེ་ནི། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་གནས་བབ་ལ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་རེད།