ཡིད་རེ་སྐྱོ།
རྫ་གསེབ་མའི་དྭངས་གཙང་ཆུ་བོའི་རྒྱུན། །
ཟས་བཅུད་ལྡན་སྣ་ལྔ་འབྲུ་ཡི་ཚོགས། །
འབྲི་མཛོ་མོ་དཀར་མོའི་འོ་མ་གསུམ། །
ལོངས་སྐྱོད་སྐལ་མ་ཐོབ་ལོ་མང་སོང༌། །
ལས་འདི་ལ་བསམ་དུས་ཡིད་རེ་སྐྱོ། །
དུངས་བྱམས་ཀྱིས་སྐྱོང་བའི་ཕ་མ་དང༌། །
ཐུགས་བརྩེ་བ་ཟབ་པའི་གཅེན་གཅུང་སྟེ། །
སྐྱིད་བདེ་སྡུག་མཉམ་མྱོང་མཆེད་གྲོགས་གསུམ། །
གསུང་སྙན་མོ་མ་ཐོས་ལོ་མང་སོང་། །
ལས་འདི་ལ་བསམ་དུས་ཡིད་རེ་སྐྱོ། །
ཆོས་ཀ་ཁ་སློབ་པའི་བཤེས་གཉེན་དང༌། །
གནས་རིག་པར་བསླབ་པའི་ཆོས་ཀྱི་གྲོགས། །
བཟང་སྤྱོད་པ་སློབ་པའི་རྒན་རབས་ཚོའི། །
གསུང་ཟབ་མོ་མ་ཐོས་ལོ་མང་སོང་། །
ལས་འདི་ལ་བསམ་དུས་ཡིད་རེ་སྐྱོ། །
ཁུར་ལྕི་མོ་ཁུར་བའི་གཡག་རྒོད་དང༌། །
རྒྱང་ཐག་རིང་སྐྱེལ་བའི་ཅང་ཤེས་རྟ། །
གྲང་སྡུག་ལས་སྐྱོབ་པའི་གཡང་དཀར་གསུམ། །
འགྲོགས་བཤིབ་པའི་ལོ་ཟླ་ཉིན་མོའི་ཟླ། །
ལས་འདི་ལ་བསམ་དུས་ཡིད་རེ་སྐྱོ། །
སྔོ་གཡུ་ལོ་བཀོད་པའི་སྤང་ལྗོངས་དང༌། །
གངས་ཁ་བས་བསྟིམས་པའི་རི་བརྒྱུད་སྟེ། །
བྱ་ཁུ་བྱུག་བུ་མོའི་གླུ་དབྱངས་གསུམ། །
མཐོང་ཐོས་པ་མེད་པ་ལོ་མང་སོང་། །
ལས་འདི་ལ་བསམ་དུས་སེམས་རེ་སྐྱོ། །
