བོད་ཀྱི་མཁས་དབང་བསོད་དར་རྒྱས་མཆོག་གིས་པེ་ཅིན་སློབ་གྲྭ་ཆེན་མོར་གནང་བའི་གསུང་བཤད།
དེ་རིང་པེ་ཅིན་གཙུག་ལག་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཚན་དུ་དགེ་རྒན་དང་སློབ་ཕྲུག་རྣམ་པ་མཉམ་དུ་བོད་བརྒྱུད་ནང་བསྟན་གྱི་སྟོང་ཉིད་དང་བདེ་གཤེགས་སྙིང་པོ་བཅས་ཀྱི་གོ་དོན་ལ་བགྲོ་གླེང་དང་རང་ཉིད་ཀྱི་སེམས་ཚོར་རམ་མྱོང་བ་ཅུང་ཙམ་ཁྱེད་རྣམས་དང་མཉམ་སྤྱོད་བྱེད་རྒྱུ་བྱུང་བར་ངོས་རང་ཧ་ཅང་དགའ་བོ་བྱུང་།
ང་རང་ཉིད་ལ་མཚོན་ན། ཁྱེད་རྣམས་དང་མིང་ཐོབ་མི་མཚུངས་ཀྱང་ ལོ་ངོ་ཉི་ཤུ་ལྷག་ལ་སློབ་གསོའི་བྱ་བ་བགྱིས་པའི་ཆ་ནས་ང་ཚོ་ཕྱོགས་མཚུངས་ཀྱི་ཆ་ཡང་མང་པོ་ཡོད། འདིར་ཕེབས་པའི་སློབ་དཔོན་དང་དགེ་རྒན་ཚང་མ་ཡང་སློབ་གསོའི་སྒོ་ནས་མི་བུ་སྐྱེད་བསྲེང་གིས་རླབས་ཆེན་གྱི་བྱ་བ་སྒྲུབ་བཞིན་ཡོད་པ་རེད། དེས་ན། ང་ཚོས་ཕན་ཚུན་བར་མཉམ་དུ་ཞིབ་འཇུག་དང་གྲོས་བསྡུར། སློབ་སྦྱོང་བྱེད་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ་བའི་བྱ་བ་ཞིག་རེད།
ང་རང་པེ་ཅིན་སློབ་གྲྭ་ཆེན་མོ་ཡོང་བ་ཐེངས་དང་པོ་ཡིན། སློབ་གྲྭ་འདིའི་སློབ་སྦྱོང་གི་རྣམ་པ་ཧ་ཅང་ལེགས་པོར་མཐོང་སོང་། ཁྱད་པར་དུ་བསམ་གཏན་སློབ་ཚོགས་དང་རྨོ་སློབ་ཟུང་སྦྱོང་ཁང་བཅས་སློབ་ཚོགས་ཁང་མང་པོས་ཆོས་ལུགས་ལ་ཞིབ་འཇུག་གཏིང་ཟབ་བགྱིི་བཞིན་འདུག དེས་ན་ད་རེས་ང་ཚོས་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་དེ་ཡང་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད། དངོས་གནས་བྱས་ན་མི་དང་མི་ཕན་ཚུན་བར་མཁོ་སྒོ་སྤེལ་རེས་བྱེད་རྒྱུ་ནི་དོན་གནད་གལ་ཆེན་ཞིག་རེད། ང་བོད་པའི་གྲྭ་བ་ཞིག་གི་ངོས་ནས་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། རྒྱ་བརྒྱུད་ནང་བསྟན་ཆོས་ལུགས་དང་དེང་དུས་ཆེས་མཐོའི་སློབ་གྲྭའི་ནང་གི་རིན་ཐང་ཅན་གྱི་ཚན་རྩལ་རིག་གནས་ལ་ཡང་སློབ་སྦྱོང་དང་རྒྱུས་ལོན་བྱེད་དགོས་པ་རེད། ཁྱེད་རང་ཚོ་ཆེས་མཐོའི་སློབ་གྲྭའི་དགེ་རྒན་དང་སློབ་མ་རྣམས་ཀྱིས་ཀྱང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་ཆོས་ལུགས་ཁག་གཞན་དག་གིི་ཟབ་མོའི་ལྟ་གྲུབ་ཀྱི་ཁྱབ་ཁོངས་སྟེང་ལ་མིག་རྒྱ་བསྐྱངས་ཏེ་ཕན་ཚུན་བར་རྒྱུས་ལོན་དང་དགེ་སྡུག་བླང་དོར་གྱི་འཇུག་ལྡོག་མ་ནོར་བ་ཞིག་ཤེས་པར་བྱེད་དགོས། དེ་ལྟར་བྱས་ཚེ་མིི་བུ་རང་ཉིད་ཀྱི་མི་ཚེ་ལྟ་བ་དང་འཇིག་རྟེན་ལྟ་བ་བཅས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་གི་རེད། དེས་ན་ཕྱོགས་གཅིག་ནས་ངས་རང་ཉིད་ཀྱི་ནང་ཆོས་སྦྱངས་བའི་ཤེས་རྟོགས་རྣམས་ཁྱེད་རྣམ་པར་འགྲེལ་བཤད་དང་ཁྱེད་རྣམས་ཀྱིས་དྲི་བའི་སྒོ་ནས་སེམས་ནང་གི་དོགས་པ་རྣམ་རྟོག་བཤད་ནས་དཔྱད་བསྡུར་བྱེད་ཆོག་པ་ཡིན། ང་ཚོ་ནང་པའི་རྗེས་འཇུག་རྣམས་ལ་སྐྱོན་ཆ་ཞིག་ཡོད། དང་པོར་ནང་ཆོས་སྦྱོང་དུས་དོགས་པ་མང་པོ་བྱེད་ཀྱི་ཡོད་ནའང་མཚམས་ཤིག་ལ་སླེབས་དུས་གནད་དོན་གང་ཡང་མེད་པ་ལྟ་བུ་ཆགས་ནས་མཐར་དྲི་བ་དང་དོགས་སློང་གང་ཡང་བྱེད་མི་མོས་པར་ཆགས་ཀྱི་འདུག འདི་ང་ཚོས་དང་དུ་ལེན་འོས་པ་ཞིག་མ་རེད། ཁྱེད་རང་ཚོ་པེ་ཅིན་སློབ་ཆེན་གྱི་སློབ་སྦྱོང་པ་དང་ཤེས་ཡོན་པ་ཚང་མ་ ཤེས་ཡོན་དང་རྣམ་དཔྱོད་ཅན་ཡིན་པས་ཐེངས་འདིའི་ཞིབ་བསྡུར་དང་འབྲེལ་མཐུད་ཀྱིས་མི་ཚང་མར་ཕན་ཐོགས་ཡོང་བའི་རེ་བ་ཡོད།
ཚང་མས་ཤེས་གསལ་ལྟར་མིའི་སྤྱི་ཚོགས་འདི་དུས་རབས་༢༡་པའི་ནང་དུ་དངོས་པོའི་དཔལ་ཡོན་ལ་སྔར་མེད་པའི་ཚད་མཐོའི་ཡར་རྒྱས་ཕྱིན་ཡོད་པ་དང་། ལྷག་པར་དུ་དུས་རབས་༢༠་པའི་མཇུག་དང་༢༡་པའི་མགོ་སྟོད་དུ་ཚན་རྩལ་དང་དཔལ་འབྱོར་གང་ཡིན་ཡང་ཆེས་འཕེལ་ཚད་མགྱོགས་པ་རེད། ཡིན་ནའང་འདིའི་རྒྱབ་ནས་མངོན་མེད་དུ་མི་རྣམས་ཀྱི་མི་ཆོས་ཀུན་སྤྱོད་དེ་མུ་མཐུད་ནས་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་རེད། སྲོལ་རྒྱུན་རིག་གནས་ཀྱི་ཐད་ནས་བཤད་ན་ཁུང་མེང་གི་བསམ་བློའི་ལྟ་གྲུབ་དེ་གནའ་བོའི་རྒྱ་མི་རིགས་ཀྱི་གཙོ་རྒྱུགས་རིག་གནས་ཆགས་ཏེ་ཚུལ་མཐུན་ཀུན་སྤྱོད་ཀྱི་ཚད་འཛིན་ཐོག་ལ་བསུབ་ཏུ་མེད་པའི་གྲུབ་འབྲས་བཞག་ཡོད། ཡིན་ནའང་། ལོ་རབས་༦༠་དང་༧༠་པའི་རིག་གནས་གསར་བརྗེའི་ལུས་འགུལ་སྐབས་འདི་ལ་ལོ་རྒྱུས་རང་བཞིན་ཅན་གྱི་རྩ་གཏོར་བཏང་ཡོད། ཕྱིས་སུ་ཡོན་ཏན་ཅན་འགའ་ཞིག་གིས་ཉམས་གསོ་བྱེད་བསམ་ནའང་འཆི་ཁའི་ནད་པ་སོས་དཀའ་བ་ནང་བཞིན་གང་ཟག་རེ་གཉིས་ཀྱི་ནུས་པ་ལ་བརྟེན་ནས་དྲག་རླབས་འགོག་དཀའ་བ་ཡིན། དེས་ན་ཚང་མས་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་བྱེད་དགོས་པ་གལ་ཆེན་ཡིན་པར་མ་ཟད་ཡ་རབས་ཀྱི་ཀུན་སྤྱོད་འདི་དག་གནས་ལུགས་ཀྱི་འགྲེལ་བཤད་བྱེད་ཤེས་པ་ཙམ་མ་ཡིན་པར་དངོས་སུ་འཚོ་བའི་ལག་ལེན་ཁྲོད་དུ་གོམས་གཤིས་ཆགས་ཐབས་བྱེད་དགོས། གལ་ཏེ་ཁྱོད་ལ་མི་གཤིས་ཡག་པོ་ཞིག་མེད་ན་མི་བུ་ཕན་ཚུན་འབྲེལ་མཐུད་ཀྱང་བྱེད་དཀའ་མོ་ཡིན། དེས་ན་ཡ་རབས་ཀྱི་ཀུན་སྤྱོད་མི་ལྡན་ན་ཡོན་ཏན་ཅི་ཙམ་ཆེ་བ་དང་། རྣམ་དཔྱོད་ཅི་ཙམ་ཡོད་ནའང་སྤྱི་ཚོགས་ནང་དུ་གོམ་པ་ལེན་པར་དཀའ་ངལ་འཕྲད་ངེས་ཡིན། མུ་འགོད།——————-