རྙོག་གླེང་དང་བྱེད་སྟངས་ཀྱི་བར་ཐག
གནས་ཚུལ་དེ་བྱུང་མ་ཐག་དབུས་གཞོན་ལྷན་གྱི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ“ཁོ་པས་ཚོགས་མི་སུམ་ཁྲི་ལྔ་སྟོང་ལྷག་གི་ཚོགས་གཙོ་དང༌། བོད་རང་བཙན་གྱི་ངོ་བོ་ལྡན་པའི་བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་ཁྲོམ་ར་ནས་ཕྱིར་འབུད་བྱེད་པའི་ཐ་ཤལ་གྱི་བྱེད་སྟངས་དེ་ནི། དགྲ་བོ་རྒྱ་ནག་གི་སྡང་ཟུག་བྱ་ཡུལ་དང༌། བོད་གཞིས་བྱེས་གཉིས་ཀྱི་རེ་བ་ཡིད་ཆེས་བཅོལ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང༌། བོད་རང་བཙན་འཐབ་རྩོད་ལ་མཐོང་ཆུང་ཁྱད་གསོད་བྱེད་པ་ཞིག་ཡིན”ཞེས་བཤད་འདུག་ལ་དེ་མཚུངས་སུ་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཀྱང་གསལ་བཤད་འདི་ལྟར་བྱས་འདུག”ད་ལམ་གྱི་གནས་ཚུལ་དེ་བྱུང་བར་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་བློ་ཕམ་ཡོད་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་གུས་བཀུར་མ་ཞུས་པ་དང་། མཐོང་ཆུང་བྱས་རིགས་གཏན་ནས་མེད་པ་མ་ཟད། མཐུན་འགྱུར་ཞུ་འོས་གང་ཡོད་ཞུས་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་མཛད་བཞིན་པའི་རླབས་ཆེན་གྱི་མཛད་འཕྲིན་ལ་བར་ཆད་ཚད་མའི་རིགས་གཏན་ནས་མི་ཡོང་བ་བྱ་རྒྱུ་ནི་ཆོས་ཞུ་བ་ཡོངས་དང་། ལྷག་པར་བོད་མི་ཚོར་དམིགས་བསལ་འགན་འཁྲི་ཡོད་པ་བཞིན་དངོས་ཡོད་གནས་ཚུལ་གང་ཡིན་གསལ་རྟོགས་ཐུབ་པའི་སྒོ་ནས་རང་སར་འཇོག་གནང་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན”ཞེས་གསལ་འདུག
གང་ལྟར་གླེང་རྙོག་དེ་ནི་ཆེས་ཚབ་ཆེན་གྱི་གནད་དོན་ཞིག་མིན་པར་རྒྱུན་ལྡན་གྱི་རྙོག་གླེང་རྙོག་ཆུང་ཚགས་ཀྱི་རིགས་ཤིག་ཡིན་མོད་གནས་ཚུལ་དེ་བྱུང་མ་ཐག་ཚོགས་གཞོན་གྱིས་ཧ་ཅང་གི་གནད་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་བྱེད་སྟངས་འདིས་བོད་རྒྱལ་ཁབ་དང་རང་བཙན་སླར་གསོའི་ལྟ་གྲུབ་འཛིན་པའི་གཞོན་ནུ་ལྷན་ཚོགས་དང་རང་བཙན་འཐབ་རྩོད་ལ་མཐོང་ཆུང་ཁྱད་བསད་བྱས་པ་ཞིག་ཡིན་བར་བསྒྲགས་པ་དང་། འགའ་ཞིག་གི་སྐལ་ལྡན་བློ་གྲོས་ནི་ནང་དགྲ་ངོ་མ་ཞིག་ཡིན་པའི་བསམ་ཚུལ་སྤེལ་ཡང་སོང་། ང་ཚོས་བྱེད་སྟངས་འདིའི་རྒྱབ་ལྗོངས་ཀྱི་གནས་ལུགས་མང་པོ་ཞིག་བསྔོག་མི་དགོས་པར་ཐད་ཀར་བལྟས་ཏེ་བཤད་ན་དེ་ནི་མང་གཙོ་དང་རང་དབང་ལ་ཁ་གཡར་ས་ཞིག་གཏན་ནས་མེད་པར་སྐབས་དེ་དང་དེའི་འགྲོ་སྟངས་དང་གནས་བབ་ལ་བསྟུན་དགོས་པ་ཞིག་ལས་ཁྱམས་རའི་ནང་དུ་བོད་གཞུང་འཁོད་པའི་སྟོད་གོས་བཙོང་མི་ཆོག་ཅེས་པས་རང་བཙན་འཐབ་རྩོད་པ་དང་གཞོན་ནུ་ལྷན་ཚོགས་ལ་ཁྱད་བསད་བྱས་པ་ཞིག་མཚོན་ག་ལ་ཐུབ། དོན་དངོས་ཐོག་བསམ་གཞིག་བྱས་ན་བོད་མི་མང་གིས་ཁྲིམས་མཐུན་རང་དབང་གིས་བདམས་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབས་པའི་གྲུབ་དོན་ལ་ཁས་ལེན་དང་བརྩི་བཀུར་མི་བྱེད་པར་དེའི་ལྡོག་ཕྱོགས་སུ་གོམ་འགྲོས་འདོར་བ་ནི་མང་གཙོ་དང་མཐུན་པ་ཞིག་ཡིན་མིན་བསམ་ཞིབ་བྱེད་འོས། མ་གཞི་ནས་གནས་ཚུལ་དང་གླེང་ཕྱོགས་གང་ཞིག་ལ་བགྲོ་གླེང་དང་དཔྱད་ཞིབ་བྱེད་སྐབས་མིག་སྔའི་གནས་ཚུལ་དང་དོན་དངོས་ལ་བལྟ་དགོས་པ་ལས་མི་དེས་དེ་སྔོན་བྱས་པའི་ལས་ཀས་ད་ལྟའི་གནས་ཚུལ་ལ་དཀར་ནག་གི་དབྱེ་འབྱེད་བྱེད་མི་ནུས་ཤིང་མི་ཚེའི་ནང་སྐྱོན་ཤོར་མ་མྱོང་བའི་སེམས་ཅན་ཞིག་ཕལ་ཆེར་ཡོད་མི་སྲིད།
གང་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ཁ་ཡོད་ལག་ཡོད་དུ་སྤྱི་ཚོགས་ལ་ཕན་ཐོགས་ཤིང་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བརྩི་བཀུར་དང་གདེང་འཇོག་འོས་ཤིང་གུས་བཀུར་ཡང་ཡོད་མོད་ཆབ་སྲིད་ཀྱི་ལྟ་གྲུབ་ཀྱི་ཐོག་ནས་ག་དུས་ཡིན་ཡང་བཙན་བྱོལ་སྒྲིགས་འཛུགས་ཀྱི་ཁ་གཏད་དུ་ལངས་ནས་ལྡོག་ཕྱོགས་ཀྱི་ལས་ཀ་བྱེད་ཞོར་༧གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུ་ཡིན་ཟེར་བ་ནི་དོན་དངོས་དང་གཏན་ནས་མི་མཐུན་པ་ཞིག་རེད། ད་རེབ་ཀྱང་རང་ཉིད་ཀྱི་བྱས་རྗེས་དང་ངོ་སོའི་རྒྱབ་ཤེད་ཀྱིས་སྐལ་ལྡན་བློ་གྲོས་ནག་པོར་བྱེད་པའི་གཞོན་ལྷན་ཚོགས་གཞོན་གྱི་བྱེད་སྟངས་དེ་ནི་དབུས་གཞོན་ནུའི་ཚོགས་གཞོན་ཞིག་གི་བཟང་སྤྱོད་དང་འགལ་བའི་ལས་བྱ་ཞིག་ལས་རང་བཙན་འཐབ་རྩོད་དང་རེ་ལྟོས་བྱེད་མཁན་ཚོའི་
བསམ་དོན་ཞིག་ལ་ཡིན་ཏེ་མ་ཡིན་ནོ།། 
