བོད་ཀྱི་མཁས་དབང་བསོད་དར་རྒྱས་མཆོག་གིས་པེ་ཅིན་སློབ་གྲྭར་གནང་བའི་གསུང་བཤད།
གལ་ཏེ་སྟོང་ཉིད་ལ་གོ་བ་མ་ཆགས་ན་ང་ཚོ་རྟག་ཏུ་རང་སྣང་གང་ཤར་གྱི་འདོད་པའི་རྗེས་སུ་བརྒྱུག་སྟེ་མི་ཚེ་གཅིག་ལ་སྲེད་པའི་རྣམ་རྟོག་གི་གཡོག་པོར་འགྱུར་གྱི་རེད། སྟོང་ཉིད་ཤེས་པ་ལ་དངོས་གནས་བྱས་ན་ཐོས་བསམ་སྒོམ་གསུམ་གྱི་རིམ་པ་དང་ལྡན་པའི་སློབ་སྦྱོང་བྱེད་པ་ནི་ཧ་ཅང་གི་གལ་ཆེན་རེད། ལོ་ངོ་ཉིས་སྟོང་སྔ་བརྒྱ་ལྷག་ལྡན་པའི་སངས་རྒྱས་ཀྱི་ལྟ་བ་དྲི་མ་མེད་པ་དེ་ད་དུང་ཆ་ཚང་བ་ཞིག་གནས་ཐུབ་པ་ནི་སངས་རྒྱས་པའི་ལྟ་བ་དེ་གཟི་བརྗིད་དང་གནས་ལུགས་ལྡན་པའི་རྒྱུ་མཚན་གྱིས་རེད། དེང་སང་ཤར་ནུབ་ཀྱི་ཤེས་ཡོན་པ་མང་པོ་བོད་ཀྱི་ནང་བསྟན་གྱི་རིག་གནས་ལ་ཤེས་འདོད་ཀྱིས་དེའི་ཟབ་གསང་ལ་བརྟག་དཔྱད་ཀྱིས་མཚོན་པའི་དོ་སྣང་གསར་བ་ཞིག་སླེབས་ཀྱི་འདུག འོ་ན་སངས་རྒྱས་པའི་ཆོས་དེ་ག་འདྲ་ཞིག་ཡོད་རེད་ཟེར་ན། དེ་ཡང་མཉམ་མེད་ཐུབ་པའི་དབང་པོས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་པོ་ཐམས་ཅད་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་དང་། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་དང་། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཏེ་ཆོས་འཁོར་རིམ་པ་གསུམ་གྱི་ནང་དུ་བསྡུས་ཏེ་བསྟན་པ་རེད། དེའི་ནང་གསེས་བཀའ་བར་བའི་ཆོས་འཁོར་གྱི་ནང་དུ་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་གཞག་གསུངས་ཀྱི་ཡོད་པ་རེད། དེའི་སྐོར་ཆ་ཚང་ལ་རྒྱས་པ་ནི་མདོ་ཕལ་བོ་ཆེ་ནང་དུ་ཡོད་པ་རེད། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གཞག་འདི་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་ཚིག་ཁ་ཤས་ཀྱིས་ཞུ་ཐུབ་པ་ཞིག་མ་རེད། ཡིན་ན་ངོས་ནས་ཆོས་ཐམས་ཅད་རང་བཞིན་གནས་ལུགས་སྟོང་པ་ཉིད་ཀྱི་གོ་དོན་དེ་གོ་བདེ་ཚིག་ཐུང་གིས་གང་ཐུབ་ཐུབ་ཅིག་འགྲེལ་བཤད་ཞུ་གི་ཡིན། མུ་འགོད་ཡིན།
