ཁྱོད་ལས་གཞན་པ་སུ།
ཐ་ཤལ་སྤྱོད་པས་བཟི་བའི་ཀླ་ཀློ་དཔུང་གིས།།
བྷོ་ཊི་ཡུལ་ལྗོངས་གཙང་མར་ཁྲག་གིས་སྦགས་ཚེ།།
ཞི་བའི་སྙིང་སྟོབས་དྭངས་མས་གཙང་བཟོར་འབད་མཁན།།
ཁ་བའི་རྒྱ་རབས་བར་ན་ཁྱོད་ཉིད་གཅིག་པུ།།
ཚན་རིག་བདུད་མོས་སྐྲུན་པའི་ལྟས་ངན་ཆོ་འཕྲུལ།།
དུག་རྫས་ནག་པོས་དམག་འཁྲུག་སྦར་བའི་ཁྲོད་ན།།
འཚེ་མེད་ཞི་བདེས་འགྲོ་ཀུན་དབྱུག་དབྱུང་སྩོལ་མཁན།།
ཁ་བའི་རྒྱལ་རབས་བར་ན་ཁྱོད་ཉིད་གཅིག་པུ།།
མང་དག་འཇིག་རྟེན་སྐྱེ་བོའི་སེམས་ཀྱི་འཚོ་གཞི།།
ཆོས་ལུགས་ཁ་དོག་མི་གཅིག་སྣ་མང་དབུས་ན།།
བྱམས་བརྩེ་དཔལ་གྱིས་ཡོད་ཚད་མཛའ་བོར་བསྒྱུར་མཁན།།
ཁ་བའི་རྒྱལ་རབས་བར་ན་ཁྱོད་ཉིད་གཅིག་པུ།།
ཟླུམ་གཟུགས་གོ་ལའི་སྟེང་གི་འཇིག་རྟེན་ཆེད་དུ།།
བདེ་སྐྱིད་མགྲོན་དུ་བསུ་མཁས་ཐབས་ལམ་ཡངས་པོས།།
ལེགས་སྐྱེས་གཟེངས་རྟགས་ཡོད་ཚད་ཤུགས་ཀྱིས་འཐེན་མཁན།།
ཁ་བའི་རྒྱལ་རབས་བར་ན་ཁྱོད་ཉིད་གཅིག་པུ།།
དུབ་རབས་ཉི་ཤུའི་ལོ་ཟླའི་འཁོར་སྐྱོད་ལྷན་དུ།།
འབྱུང་འགྱུར་འདུན་ལམ་ཟབ་མོ་རིགས་པས་དཔྱད་དེ།།
དམངས་གཙོའི་ལྟ་གྲུབ་རྣལ་མ་གསར་གཏོད་གནང་མཁན།།
ཁ་བའི་རྒྱ་རབས་བར་ན་ཁྱོད་ཉིད་གཅིག་པུ།།
དཔྱོད་ཤེས་རིག་པའི་གོམ་སྟོབས་ཡངས་པོ་མེད་ཚེ།།
རྨོངས་དད་སེམས་ཀྱི་འཆིང་རྒྱས་བྲན་གཡོག་བཀོལ་ཏེ།།
གསར་བཏོད་ལམ་གྱི་གཤིས་ལུགས་ཕྲ་མོ་འདི་ལ།།
ཡིད་སྨོན་དྭངས་མའི་འཛུམ་ཞལ་རྒྱང་དུ་སྐྱལ་སྲིད།།
བློ་རིག་སྒྱུ་རྩལ་ཟབ་མོའི་འཁྱུག་རིས་དབེན་ཡང་།།
དད་དུང་དཔྱད་པ་དྲང་པོའི་དབྱིངས་སུ་ཞུགས་ཏེ།།
རང་སྣང་རྒོད་པོས་དྲངས་བའི་ཚོར་བ་འགའ་རེའི།།
བྱེད་གཟུགས་ཤོག་དཀར་སྟེང་དུ་སྨྱུག་རྩེས་བཀོད་སོང་།།
ཕྱི་ལོ་༢༠༡༡་ཟླ་༧ཚེས་༦ཉིན།
