དམར་པོ་ཁྲག་གིས་བཞེངས་པའི་ལོ་རྒྱུས།

དཔའ་བརྟུལ་སྟོང་ལ་སྟག་དང་གཟིག་གི་པགས་པའི་གཟིངས་བསྟོད་ལུས་ལ་མཛེས།།

མདའ་མདོང་གྲི་ཡི་མཚོན་ཆ་སྣ་ཚོགས་གངས་ཅན་དཔའ་བོའི་ལག་ལ་མཛེས།།

ཕ་རོལ་དགྲ་བོའི་སྙིང་ཁྲག་དམར་པོ་ས་འཛིན་བུ་མོའི་ལྟོ་བར་མཛེས།།

དེ་ནི་གནའ་བོའི་བཙན་པོའི་དུས་ཀྱི་ལོ་རྒྱུས་གསོན་པོའི་རྡོ་རིང་ཡིན།།

འགྲན་མེད་སྟོབས་ཀྱི་གཟི་བརྗིད་དཔུང་པ་གོ་ལ་ཟླུམ་པོའི་ཁྱོན་དུ་རྒྱུ།།

ཤར་གྱི་རྒྱལ་ཁམས་སུམ་ཆའི་མངའ་དབང་སྟོབས་ཀྱི་འཁོར་ལོས་བསྒྱུར་ལ་བྲེལ།།

དྲག་པོའི་དཔུང་གི་གཟི་བྱིན་ངོམ་པས་གངས་ཅན་བོད་ཀྱི་ལྷ་དམག་གྲགས།།

བཙན་པོ་རིམ་པའི་ལོ་རྒྱུས་དྲན་དུས་མི་རིགས་འདི་ཡི་སྙིང་རུས་མཐོང།།

མི་འགྱུར་རྒྱལ་ཁམས་བརྟན་སྲུང་སླད་དུ་སྙིང་ཁྲག་དྲོན་མོ་གྲོན་དུ་བྲན།།

སྲོག་དབང་ཕྲ་མོ་རླུང་བུར་འགྲོགས་ཏེ་ཕྱི་མའི་རྒྱགས་ཀྱི་མགྲོན་དུ་བཞུད།།

རང་སེམས་སྤོབས་པའི་སྣང་བ་ཕྲ་མོ་དག་པའི་ཞིང་གི་ཐེམ་སྐས་འཛེགས།།

དེ་ནི་གནའ་རབས་གངས་ཅན་དཔའ་བོའི་ལོ་རྒྱུས་གསོན་པོའི་ཤུལ་ལམ་ཡིན།།

ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་རྒྱུ་བའི་གངས་ཅན་དཔའ་བོ་གཤེགས་ཤུལ་དུ།།

དམར་ནག་ཁྲག་གིས་ཀུན་ཏུ་སྦགས་པའི་བེམ་རོ་ཁྲི་འབུམ་རི་བོ་བརྩེགས།།

ཡུག་མོ་སྟོང་གི་ངུ་འབོད་དབྱངས་རྟ་ལྷག་རླུང་བསེར་བུས་མཁའ་ལ་སྤུར།།

ཕ་མེད་བྱིས་པའི་སྙིང་ཁམས་ངོས་སུ་ཤ་འཁོན་ཟབ་པའི་རི་མོ་བརྐོས།།

མཐོ་སྒང་ཁ་བའི་ལྗོངས་ཀྱི་ཞིང་དུ་གསུབ་མེད་རྣམ་བཀྲའི་རི་མོ་འབུམ།།

སྔོན་གཤེགས་དཔའ་བོ་སྟོང་གི་ཤུལ་དུ་བུ་ཕྲུག་ཀུན་གྱི་ཤ་འཁོན་ཟབ།།

བཟོད་མེད་དམར་ནག་ཁྲག་གིས་བཞེངས་པའི་ཡབ་མེས་གོང་མའི་བྱུང་རབས་ཀུན།།

ཕ་ཤུལ་བུ་ཡིས་རྟག་ཏུ་འཛིན་པ་སྒང་པ་བོད་ཀྱི་སྲོལ་དུ་ཆེ།།

དུས་རབས་རེ་རེའི་འཁྱོག་མཚམས་རྣམས་སུ་རྒྱལ་དང་བློན་པོས་འགན་དབང་ལྕི།།

མཐའ་མཚམས་རེ་རེའི་དམག་འཁྲུག་སྐབས་སུ་དཔའ་རྒོད་སྟོང་གི་ཟུངས་ཁྲག་བཞུར།།

རང་ས་རང་གིས་སྲུང་པའི་སླད་དུ་རྒྱལ་འབངས་ཀུན་གྱི་སྲོག་དབང་དང་།།

ཁྲག་དང་རྔུལ་ཆུས་རབ་ཏུ་བསྐྲུན་པའི་གངས་ཅན་ཁ་བའི་ལྗོངས་འདི་བརྗིད།།

དམར་ནག་རྒྱ་མཚོའི་གཏིང་རིམ་ཀློང་ནས་ཟུངས་ཁྲག་དྲོན་མོའི་རླབས་ཞག་འཁྱིལ།།

ས་ཆེན་གོར་མོའི་གསེབ་ཀ་བར་ནས་རུས་པ་དཀར་པོའི་འོད་རླབས་འཁྱུག།

གཙང་ཆེན་རྒྱུག་པའི་ཁོག་གཞུང་ཀུན་གྱིས་རྣམ་ཤེས་ཁྲ་མོའི་ངལ་དུབ་རུམ།།

འཛམ་གླིང་ཡང་རྩེའི་ཡུལ་ཁམས་འདིའི་ཆེད་མེས་པོའི་ཤུལ་རྗེས་རྫོགས་པ་མེད།།

ཕྱི་ལོ་༢༠༡༡ཟླ་༧ཚེས་༡༤ཉིན་ལི་ཐང་བློ་བསྟན་གྱིས་དྷ་སར་བྲིས།