རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་བསྟོད་ཚོགས།

གོ་ལ་ཟླུམ་པོའི་ལྟེ་བ་སེམས་ཀྱིས་སྲུང་།།

ཀུན་ཁྱབ་རིག་པའི་མུ་ཁྱུད་ས་ཆེན་སྤོར།།

ལུགས་གཉིས་རེ་ཁྰ་བཀྲ་བའི་རྩིབས་སྟོང་ཅན།།

མི་གཤིགས་འོད་ཀྱི་འཁོར་ལོའི་བདག་པོར་བསྟོད།།


ལོ་རྒྱུས་བྲོ་བ་འཐུང་བའི་ཡིད་གཞུང་ནས།།

ཁོག་པ་རྗེན་པ་འགྲེལ་བའི་གློ་བ་གཙང་།།

བར་བདོ་འཕྲང་ཆེན་བཅར་བའི་ལེའུ་བར།།

མོས་པ་ཀུན་འབྱུང་ནོར་བུ་རིན་ཆེན་བསྟོད།།


སྒང་པའི་གནའ་ལམ་གཤག་བའི་བྲོས་ས་ནས།།

རིགས་རུས་སེམས་པ་གྲང་བའི་སྐྱི་གཡའ་དུས།།

སྙིང་གི་ཤ་ཁར་སྦྱར་བའི་ལང་ཚོའི་ཁམས།།

བྲང་གཞུང་གསོས་བའི་བཙུན་མོ་རིན་ཆེན་བསྟོད།།


ལྷ་སྡེ་སྨག་གིས་བདག་པའི་ཆིངས་ཡིག་བཤམས།།

ནང་སོར་ཡོ་ལང་སྤུར་བའི་སྟོབས་ཤུགས་མྱགས།།

དུར་སར་གསོན་ཚུགས་ཐུབ་ཅིང་གདོང་དམར་བའི།།

ཆིག་སྒྲིལ་དཀྱིལ་འཁོར་བསླང་བའི་བློན་ཆེན་བསྟོད།།


ཆོས་ལུགས་ཡོད་རྒུ་སེམས་ཀྱི་སྲོང་ཁར་འདེགས།།

ཆོས་ཚན་སྟོབས་ཀྱིས་སྦྲེལ་བའི་ཁམས་གཙང་བ།།

གནའ་དེང་རིག་པའི་སྣ་ཞགས་དཔྱངས་པའི་ཡི།།

མི་དབང་ཁྱུ་མཆོག་སྤོས་དཀར་གླང་ཆེན་བསྟོད།།


གནམ་ས་ཁད་ཀྱིས་གཤག་པའི་རྩལ་སྦྱོང་གིས།།

གོ་ལར་ཞི་བདེར་སྒྲོན་པའི་འཚེར་སྐད་འཐེན།།

ཤར་ནུབ་ཐོལ་གྱིས་བཅད་པའི་འགྲོས་བཟང་གིས།།

སྲིད་པའི་མིག་ལ་དཔར་བའི་རྟ་མཆོག་བསྟོད།།


ཁ་ཡི་འཇའ་ཚོན་དཔྱངས་བའི་ཐུ་འོག་ནས།།

མི་རིགས་ཁྲག་ལ་འབྱར་བའི་ཆོ་ག་མཐོང་།།

དྲང་བདེན་ཤུགས་ཀྱིས་གྱེར་པའི་ང་རོ་ཡིས།།

མུན་པའི་ས་གཞིར་འདར་བའི་དམག་དཔོན་བསྟོད།།


ས་སྒང་མུན་པ་འཐུག་པའི་ཐོང་བ་ནས།།

འོད་ཀྱི་ཁ་ལོར་བསྒྱུར་བའི་རིག་པ་ཅན།།

འཇིག་རྟེན་དར་རྒུད་གླེང་བའི་བཙན་རྫོང་ནས།།

རྨི་ལམ་མིག་ལ་ཕབ་པའི་སྙིང་སྟོབས་རྨད།།


ས་ཆེན་འོད་དུ་སྒྲོན་པའི་འཇིག་རྟེན་མིག།

དྲང་བདེན་དཀྱིལ་འཁོར་བཞེངས་པའི་གླེང་སློང་བ།།

ཞི་བདེའི་ས་སྐྱོང་ཆེན་པོའི་མཚན་སྙན་ཆེ།།

འགྲོ་མི་བསོད་ནམས་སྤྱིའི་སྐལ་དུ་ཕབ།།