ཏཱ་ལའི་བླ་མར་ཇག་པས་བགྲེས་ཡོལ་བྱེད་བཅུག་པ་རེད་ཟེར།
རེད་དེ། ཕྱོགས་འགའ་རེའི་ཐད་ནས་གསལ་ཁ་དང་གཏན་ཚིགས་མེད་པའི་ཁར་སྤྱི་ཟུར་ཞིག་གི་ངོས་ནས་ཀྱང་བཤད་ཐལ་ཅན་རེ་མཐོང་སོང་ལ། དེ་ཚོའི་སྐོར་ནས་གསར་འགོད་པས་ཀྱང་སྐྱར་འདྲི་བྱས་མེད་པ་ནི། གསར་འགོད་པ་ཞིག་གི་ངོས་ནས་གནས་ཚུལ་ཆ་ཚང་རྒྱུས་ལོན་ཡོང་བའི་གོ་སྐབས་གལ་ཆེན་འགའ་བརླག་འདུག་དྲན་སོང་། (ཡིག་ཐོག་དྲི་བ་ཡིན་ན་དམིགས་བསལ་རེད།) དེའི་ནང་གི་བསམ་ཚུལ་མ་མཐུན་སའི་དོན་གནད་གསུམ་ཟུར་འདོན་བྱས་ཏེ་བཤད་ན།
དང་པོ། དྲིས་ལན་དུ (རྒྱལ་བ་རིན་པོ་ཆེ་འདི་བས་གཞུང་འདི་དང་མི་དམངས་འདི་གསོས་གསོས་ནས། བསྐྱངས་བསྐྱངས་ནས་མཐའ་མཇུག་ཇག་རྐུན་དང་ཁྲམ་པ་ཁ་ཤས་ཀྱིས་ཤགས་འགྱེད་བྱེད་ཡུལ་ལྟ་བུར་གྱུར་པའི་ངང་བགྲེས་ཡོལ་གནང་བ་དེ་བོད་མི་ས་ཡ་དྲུག་གི་ངོས་ནས་སྐྱོན་མ་གཏོགས་དགེ་ནམ་ཡང་ཡོད་པ་མ་རེད།) ཅེས་པའི་སྐད་ཆ་འདིར་རྒྱབ་ལྗོངས་དང་གནས་ལུགས་ག་ཚོད་ཅིག་ཡོད་དམ། གལ་སྲིད་གནས་ལུགས་ཤིག་ཡོད་པ་ཡིན་ན། འདིར་རྐུན་ཇག་དང་ཁྲམ་པ་ཁ་ཤས་ཀྱིས་ཤགས་འགྱེད་བྱས་པའི་ལོ་རྒྱུས་ཀྱི་མཚན་གཞིར་བཀར་ནས་བཤད་མེད་པ་འདི་གང་ཡིན་ནམ། འདི་ནི་སྐད་ཆ་སྤྱིར་བཏང་བ་མིན་པས་བཤད་འདོད་ན་ཁུངས་ཤིག་ཡོད་དགོས་ལ། ཁུངས་ཤིག་ཡོད་པ་དེའང་ད་ལྟའི་བོད་མི་མང་ཚོགས་ཀྱི་མགོར་བཞག་ན་མི་འགྲིག་པ། ཁ་ཤས་ཤིག་དེ་སུ་ཡིན་ངོས་བཟུང་ནས་མི་རིགས་འདིའི་ལོ་རྒྱུས་འགྱུར་ལྡོག་གི་སོ་མཚམས་འདི་དང་། བླ་སློབ་བར་གྱི་དད་དམ་གྱི་འབྲེལ་བ་འདི་ཚོར་འགན་ཁྱེར་དགོས་པ་ཞིག་ལོས་ཡིན་དྲན། ཡང་སྙིང་བཤད་སྟངས་འདི་ཚོས་ད་ལྟའི་བོད་རྒྱ་ཆེའི་མང་ཚོགས་ལོ་རྒྱུས་ཀྱི་ཉེས་ཅན་པ་དང་། ཏཱ་ལའི་བླ་མའི་ཁ་གཏད་ཅིག་བཟོ་ཡོང་གིན་འདུག
གཉིས་པ། དྲིས་ལན་དུ། (ད་ལྟའི་ཆར་དགོན་སྡེ་ཆེན་པོ་ཁག་ཅིག་ནི་ལངས་ཤོར་དུ་གྱུར་ཟིན་པའི་ཆབ་སྲིད་པ་རིགས་ཤིག་བསྐྱེད་སྲིང་བྱེད་ས་ལྟ་བུ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་དོན་དག་དེར་འགྱུར་བ་གཏོང་རྒྱུ་ཧ་ཅང་ཁག་པོ་རེད་འདོད།) ཅེས་པའི་སྐད་ཆ་འདིས། ནམ་རྒྱུན་ཁ་གཏད་ཀྱི་ཕྱོགས་ནས་བོད་ཀྱི་དགོན་པ་རྣམས་ནི་དམག་སྒར་དང་། གྲྭ་བ་ཚོ་ནི་ཏཱ་ལའི་བླ་མའི་དམག་མི་རེད་ཟེར་བ་དེར་རམ་འདེགས་བླ་ན་མེད་པ་ཞིག་བྱས་འདུག་དྲན། སྐད་ཆ་འདིར་གནས་ལུགས་ཤིག་ཡོད་ན། དགོན་སྡེ་གང་དུ། (རྒྱ་གར་ན་ཡོངས་གྲགས་ཀྱི་དགོན་སྡེ་ཆེན་པོ་ནི། སེ་འབྲས་དགའ་གསུམ་རྣམ་གྲོལ་གླིང་དང་བཞི་ཡིན།) ཚུལ་ཇི་ལྟར་ཆབ་སྲིད་པ་བསྐྱེད་སྲིང་བྱེད་ས་ལྟ་བུ་ཆགས་པ་དང་། བསྐྱེད་སྲིང་བྱེད་མཁན་དེ་སུ་ཞིག་ཡིན་པ། བསྐྱེད་སྲིང་བྱེད་སྟངས་གང་འདྲ་ཡིན་པ་ལྟ་བུའང་གསུངས་དགོས། སྤྱི་ཟུར་ཞིག་གི་ངོས་ནས་སྐད་ཆ་འདི་ཚོ་བཤད་པའི་གོ་རྟོགས་ཡོད་དུས། དེ་ཉིད་ཀྱི་གོ་རིམ་དང་བསྐྱེད་སྲིང་ལྟ་བུ་བྱས་ཚུལ་སོགས་ནས་ཀྱང་ཆ་རྒྱུས་ཡོད་ཤག་རེད། ཅི་སྟེ་གནས་ལུགས་འདི་དག་གི་དཔུང་རོགས་མེད་ན། འགན་ཁུར་མེད་པའི་སྐད་ཆ་ཞིག་ལས་ཅིའང་མིན་ལ། དེའི་ཉེས་དམིགས་ཀྱི་ཕྱོགས་ནས་ཀྱང་བསམ་རྣོ་གཏོང་དགོས་དྲན་པ་ཙམ་དུ་མ་ཟད། སྐད་ཆ་འདི་ཚོ་སུ་ཞིག་གི་ལག་ཆ་འགྱུར་ཉེན་ལའང་བློ་གྲོས་ཡོད་དགོས།
གསུམ་པ། དྲིས་ལན་དུ། (ཕྱི་རྒྱལ་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་གི་བོད་ཀྱི་ཆོས་རྒྱུད་འཛིན་མཁན་ཁག་གིས་ས་དགེ་བཀའ་རྙིང་གི་ཆོས་རྒྱུད་ཕན་ཚུན་དགྲ་ཁ་གཏད་ལྟ་བུར་རྩི་བཞིན་འདུག)ཞེས་པ་དང་། ཡང་(དེ་བཞིན་ཆོལ་ཁ་དང་ལུང་ཚན་མི་གཅིག་པའི་བར་མཐུན་ལམ་གཏིང་ཟབ་མེད་པའང་དངོས་ཡོད་གནས་ཚུལ་རེད། ཆུང་ས་ནས་བཤད་ན། ཆོལ་ཁ་མི་འདྲ་བ་གཉིས་ཀྱི་ཁྱོ་ཤུག་གཉིས་བཟའ་ཚང་བྱ་རྒྱུར་རྒྱབ་ལོགས་ཀྱི་ཆོལ་ཁའི་དཔུང་ཚོགས་ཀྱིས་གནོན་ཤུགས་སྤྲོད་མཁན་ཉུང་ཉུང་མ་རེད། འདི་ཚང་མའི་སེམས་ལ་གསལ་གསལ་ཐིང་ཐིང་རེད།)ཅེས་བཤད་འདུག ས་དགེ་བཀའ་རྙིང་ཕན་ཚུན་དགྲ་ཁ་གཏད་ལ་རྩི་བཞིན་འདུག་ཟེར་བ་འདིས་དགྲ་ཁ་གཏད་ཅེས་པའི་ཚད་གཞི་དེ་ཅི་འདྲའི་ལས་སླ་མོ་ཞིག་ལ་བཞག་པ་རེད་ཨང་། ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་དང་དེ་བཞིན་ད་ལྟའི་བོད་ཀྱི་ཆོས་བརྒྱུད་ཁག་ལ་བསམ་ན། ཤ་དང་སྐྱི་མོའི་བར་དུ་མི་དགའ་ས་འདྲ་ཡོད་སྲིད་པ་ཙམ་ལས། ཁྲག་དང་རུས་པའི་སྟེང་དུ་གཅིག་ཕན་གཅིག་གྲོགས་ཀྱི་བརྩེ་དུང་དང་དད་དམ་གྱི་འབྲེལ་ལམ་ཡོད་པ་ལས། དེ་མིན་ཁྱོད་ཤི་ང་གསོན་གྱི་དགྲ་ཁ་གཏད་ཅིག་གཏན་ནས་མིན། ད་དུང་བོད་བླ་མའི་དུས་རབས་དབུ་བརྙེས་པའི་རྗེས་ཀྱི་ལོ་རྒྱུས་དང་བསྡུར་ན་མཛའ་མཐུན་གྱི་འབྲེལ་བ་ཧ་ཅང་ཚད་མཐོན་པོར་སླེབས་ཟིན་ཡོད།
དེ་ནས་ཆོལ་ཁ་དང་ལུང་ཚན་བར་ན་མཐུན་ལམ་གཏིང་ཟབ་མེད་པ་དངོས་ཡོད་རེད་ལབ་འདུག དེ་ནི་ལྡོག་ཕྱོགས་ནས་བཤད་པའི་སྐད་ཆ་ཞིག་སྟེ། ཆོལ་ཁ་དང་ལུང་ཚན་བར་ན་མཐུན་ལམ་གཏིང་ཟབ་ཡོད་པ་དངོས་ཡོད་རེད། དཔེར་ན་དགྲ་ཁར་མཉམ་ལངས་དང་། སྐྱབས་བཅོལ་མཉམ་གནས་ཀྱིས་འཚོ་ཡོད། ད་དུང་བོད་ཅེས་པའི་མིང་དོན་འདིའི་འོག་ན་མཐུན་ལམ་གཏིང་ཟབ་ཡོད་ལ། དགྲ་བོས་བཙན་གནོན་མཉམ་གཏོང་བྱས་པའི་ལོ་རྒྱུས་འདི་ཚོའི་འོག་ནའང་མཐུན་ལམ་གཏིང་ཟབ་ཡོད། ཁྱོ་ཤུག་གཉིས་ཀྱི་དཔེ་ཞིག་དྲངས་ནས་བཤད་འདུག་མོད། གནས་ཚུལ་འདི་འདྲ་ནི། འཇིག་རྟེན་པའི་ནང་དུ་ནམ་རྒྱུན་གྱི་གནས་ཚུལ་ཙམ་ལས་ཆོལ་ཁ་དང་ལུང་ཚན་གཅིག་པུར་ཡོད་མ་ཞིག་མིན། དཔེར་ན་གྲོང་ཚོ་གཅིག་གི་ནང་དུའང་དུད་ཚང་སོ་སོའི་ལ་རྒྱ་བཟུང་སྟངས་སོགས་ཀྱིས་འདི་འདྲ་ཡོང་གིན་ཡོད། ད་དུང་བཤད་སྟངས་གཞན་ཞིག་བྱས་ན། ཉོན་མོངས་མ་སྤང་པའི་སྐྱེ་བོ་ཚོས་རང་ཕྱོགས་ལ་ཞེན་པ་དང་། གཞན་ཕྱོགས་ལ་སྡང་པ་ལྟོས་འཇོག་ཀྱིས་ཡོད་པ་ལྟར། མཐར་བཏུག་ན། རང་ཉིད་གཅིག་པུ་ལ་ཐུག་གིན་པ་འདིའང་མཐུན་ལམ་གཏིང་ཟབ་མེད་པ་ལ་འབྲེལ་དགོས་སམ། དེ་འདྲ་ཞིག་ཡིན་ན་ནི། གནམ་འོག་ཏུ་མཐུན་ལམ་གཏིང་ཟབ་ཞིག་ཡོད་པའི་ལུང་ཚན་སོགས་ཀྱི་མཚན་གཞི་ཞིག་རག་གི་མ་རེད་དོ།
སྐད་ཆ་འདིའི་ནང་ནས་ཧོར་གཙང་ལགས་ཁྱེད་རང་གི་ཁོག་པའི་རི་མོ་རྣམས་གསལ་གསལ་ཐིང་ཐིང་ཞིག་ཡོང་གིན་པ་ལས། བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ཐད་ནས་སྡོམ་རྒྱག་སྟངས་ལྟར་སྣང་དུ་གྱུར་འདུག་པ་ནི་གསལ་གསལ་ཐིང་ཐིང་རེད། སྤྱིར་ན་ཤེས་ཡོན་པ་ཞིག་དང་། དེ་ལས་ཀྱང་ལོ་རྒྱུས་སྨྲ་བ་ཞིག དེ་དེ་ལས་ཀྱང་གཞོན་རབས་སྤྱི་ཟུར་གྱི་མིང་ཐོགས་པ་ཞིག་ལ་འདི་འདྲའི་བསམ་བློ་དང་ལྟ་བ། དེ་བཞིན་ལངས་ཕྱོགས་རེ་ཡོད་པ་ནི་ང་རང་མི་རབས་གཞོན་པ་ཞིག་ལ་མཚོན་ན་ཧ་ཅང་ཡ་མཚན་སོང་། གང་ལྟར་དེ་ཚོ་ནི་བསམ་ཚུལ་མ་མཐུན་ས་བཤད་པ་ཙམ་ཡིན།