རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་འདུ།

དེ་ཡང་ཉིན་གཉིས་རིང་འཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་སྐོར་གྱི་ཚོགས་འདུ་དེ། བཙན་བྱོལ་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་དང། ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་མགྲོན་བདག་བྱས་ཡོད་པ་རེད།
ལྷན་ཚོགས་དེའི་ཐོག་བོད་མིའི་རང་བཙན་འཐབ་རྩོད་པ་གྲགས་ཅན་ཁག་ཅིག་དང་། ཕྱི་ལོ་༡༩༩༥ ལོར་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཐོབ་མཁན་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་སོགས་མཉམ་ཞུགས་བྱས་ཡོད་འདུག
tyc_23_7_2011ཚོགས་བཅར་བ་ཚོས་བོད་རང་བཙན་སླར་གསོའི་ཆེད་དུ་འཆར་གཞི་དང་དགོས་ངེས་ཀྱི་ཐབས་ཇུས་ཅི་འདྲ་བྱེད་དགོས་མིན་སོགས་ཀྱི་སྐོར་ལ་ཞིབ་ཕྲའི་བགྲོ་གླེང་ཉིན་གཉིས་རིང་གནང་ཡོད་པ་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གསར་འགོད་གསལ་བསྒྲགས་ཞིག་ཀྱང་སྤེལ་ཡོད་འདུག
དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་གསུང་དོན། ང་ཚོས་༧གོང་ས་མཆོག་ལ་ཡིད་ཆེས་ཆ་ཚང་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་ལ་གུས་བརྩི་ཞུ་བཞིན་ཡོད། ཡིན་ན་ཡང་། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ལ་གཞི་རྩ་མེད་པའི་སྐྱོན་བརྗོད་བྱེད་མཁན་རིགས་ལ་གདོང་ལེན་བྱེད་རྒྱུ་ཡིན་ལ། བོད་རང་བཙན་གྱི་ལྟ་སྤྱོད་དེ་གལ་གནད་ཆེན་པོ་ཡིན་པ་ཤེས་རྟོགས་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བརྗོད་འདུག །