དེང་རབས་བུ་མོ།
འདོད་རྔམ་གྱིས་ཁེངས་པའི་སེམས་པ་ལྷོད་ལ་ཞོག
ང་རྒྱལ་གྱི་དབུ་འཕང་ས་ལ་ཕོབས།
བརྩེ་དུང་གིས་མྱོས་པའི་ཕོ་གཞོན་འདི་ལ་སྙིང་གཏམ་གླེངས་དང་།
འབྱོར་མེད་ཀྱི་སྤྲང་ཕྲུག་འདི་ལ་འཛུམ་གྱིས་སུས་དང་། མཐུ་ནུས་མེད་པའི་ཉམས་ཆུང་འདི་ལ་ཟུར་མིག་གིས་གཟིགས་ཤིག
ཀྱེ་སྐེད་མེད་མ།
སྒོར་མོ་ལ་རྔམ་དྲགས་ན།
དཀར་གཙང་གི་སེམས་པ་ལ་ཆག་གྲུམ་ཤོར།
ང་རྒྱལ་གྱི་དབུ་འཕང་མཐོ་དྲགས་ན།
བརྩེ་དུང་གི་མདུད་པ་དལ་གྱིས་གྲོལ།
སྟོང་བསམ་གྱི་བར་གནམ་ལ་ལྡིང་དྲགས་ན།
བདེ་སྐྱིད་ཀྱི་མི་ཚེ་དཀའ་སྡུག་གི་འདམ་དུ་འབྱིང་ཉེན་ཆེ།
དེའི་ཕྱིར་ན།
ཀྱེ་སྐེད་མེད་མ།
ཆོག་ཤེས་ཀྱི་ཡོན་ཏན་ལ་བསླབས་ནས།
དམན་བཟུང་གི་ལྟ་བ་ལ་སྦྱངས་ནས།
དོན་ལྡན་གྱི་ཕུགས་བསམ་ཞིག་བཏང་ནས།
ཕེབས་ཤོག
ཀྱེ་སྐེད་མེད་མ།
ཁྱེད་དུང་ཞིང་ཁྱེད་ཁོ་ན་འཚོལ་མཁན་གྱི་ཕོ་གཞོན་འདི་དང་།
མཛའ་མཐུན་གྱི་དཔུང་རྡང་སྦྲེལ་ནས།
བརྩེ་སེམས་ཀྱི་མེ་ཏོག་ཞལ་ཁ་ཕྱེད་ནས།
ལྷད་མེད་སྙིང་གཏམ་གྱི་ཟེའུ་འབྲུར་མཉམ་དུ་རོལ་ནས།
རང་དབང་ཁྱིམ་གཞི་འདི་ན།
བདེ་སྐྱིད་ཀྱི་འཚོ་བར་ལོངས་སྤྱོད་དུ་ཕེབས་ཤོག
ཀྱེ་སྐེད་མེད་མ། ༢༠༡༡། ༧། ༢༠ ཉིན།