༼ ཞབས་བྲོ་འཁྲབ་སྟངས་དང་རོལ་ཆས་དཀྲོལ་སྟངས༽

དུས་བཞི་དམར་པོའི་ཐག་སྒྲ་འོག་ནས་ཉེར་གཅིག་དུས་ཚིགས་ཤར་བ་མཐོང་།།

དུས་གསུམ་སྤྱི་བྱེ་ཐོར་བུ་འདི་དག་སུམ་ཅུ་པ་ཡི་གཞུང་ནས་མཐོང་།།

དུས་རབས་ཤིག་གི་ཉམ་ཉེ་བར་ནས་གྲོགས་པོ་ཞིག་གི་ངོ་གདོང་མཐོང་།།

ཁོག་ནས་བཞུར་བའི་ཟུང་ཁྲག་འདི་དག་ཁྱེད་ཀྱི་ཡིན་པར་གཞི་ནས་མཐོང་།།


ཟུང་ཁྲག་ཤུགས་ཀྱིས་བཞུར་བའི་ཤུལ་དུ་ཁྲག་དྲི་བྲོ་བ་སྣ་ཡིས་མཐོང་།།

ཁྲག་དྲི་དེ་ཡི་བྲོ་བ་ངན་པ་ང་ཡི་མདུན་དུ་འཁྱིལ་བ་མཐོང་།།

དྲི་ངན་དེ་ཡི་བར་སྟོང་རེ་ན་ཐག་རིང་གྱེས་བའི་སྣང་བ་མཐོང་།།

ངེད་གཉིས་བར་གྱི་ས་ཚིགས་དེ་ན་བར་སྟོང་ཆེ་བར་གཞི་ནས་མཐོང་།།


མི་བུ་ཞིག་ལ་རྒལ་ཚིག་མེད་ན་མི་ཡི་གྲལ་ནས་འབུད་པར་མཐོང་།།

མནོ་བསམ་ཞིག་ལ་རྒྱབ་ལྗོངས་དབེན་དུས་གཉིད་ཀྱི་ཞིང་དུ་འགྲེངས་བར་མཐོང་།།

རྒྱུ་འབྲས་ཤིག་ལ་བློ་མིག་མེད་ན་ནང་པའི་ནང་ནས་བུད་པར་མཐོང་།།

མཐོང་ཚུལ་འདི་དག་ལས་དབང་མ་ཡིན་སྙིང་ཁུང་སྟེང་ནས་རྗེན་པར་མཐོང་།།


ཟུར་ལམ་སྤྱ་མོ་བརྒལ་རྒྱུ་མེད་དུས་བྱེ་ཐང་སྟེང་དུ་བགྲོད་པར་མཐོང་།།

བཀྲེས་སྐོམ་མནར་བས་ཁ་ཆུ་དབེན་དུས་གནས་འདི་བྱེ་ཐང་ཡིན་པར་མཐོང་།།

བྱེ་ཐང་ནང་གི་རྐང་བྲོ་འཁྲབ་སྟངས་འཁྲབ་ཚན་གཞན་ཞིག་ཡིན་པར་མཐོང་།།

རྫུན་པའི་ཐོག་གི་འཁྲབ་ཚན་འདི་དག་རྫུན་མ་ཡིན་པར་དེ་རིང་མཐོང་།།


དབྱངས་འགྲོས་མེད་པར་བྱེ་ཐང་ནང་ནས་ལ་གཞས་བཏང་སྟངས་དེ་རིང་མཐོང་།།

འཁྲབ་སྟངས་མ་ཤེས་བྱེ་མའི་ཐང་ནས་འཁྲབ་སྟོན་བྱས་པར་མིག་གིས་མཐོང་།།

འཁྲབ་ཚན་འདི་དག་གཞན་དྲིང་ཡིན་པའི་ངོ་གདོང་དམར་པོ་དེ་རིང་མཐོང།།

མཐོང་སྟངས་འདི་དག་མིག་གི་ལམ་ནས་ཆུ་ལ་ཆུ་བཞག་བཞིན་དུ་མཐོང་།།


སྣང་བ་འཁྲུལ་བའི་ལྟད་མོ་བ་ཚོའི་མིག་ཤེལ་འཁྲུལ་བར་གཞི་ནས་མཐོང་།།

འཁྲབ་སྟོན་པ་ཚོས་རྫུན་འཁྲབ་ཡིན་པར་མངོན་སུམ་མིག་གིས་ད་ནང་མཐོང་།།

བྱེ་ཐང་ནང་གི་རླུང་དམར་དེ་དག་ལྡང་རན་ཡིན་པར་གཞི་ནས་མཐོང་།།

ཡོད་ཚད་མངོན་སུམ་མིག་གིས་མཐོང་ཞིང་མ་འཁྲུལ་ཤེས་པ་དེ་ཡིས་མཐོང་།།


མཐོང་མཐོང་གང་ཟག་ཕལ་པས་མཐོང་ཚུལ་སུས་ཀྱང་ཚད་བཀག་དབེན་པར་མཐོང་།།

འོན་ཏང་དེ་རིང་བྱེ་ཐང་ནང་གི་མཐོང་ཚུལ་འདི་དག་རྫུན་པ་མཐོང་།།

བདེན་པའི་ངོ་བོར་ཡེ་ནས་དབེན་པའི་གནམ་ས་བར་གྱི་འཁྲབ་ཚན་མཐོང་།།

གདོང་པགས་འཐུག་པོའི་རས་སྣེ་འོག་ནས་ལྐོག་ལྟ་བྱེད་པར་དེ་རིང་མཐོང་།།


མིག་ཤལ་ཆེན་པོའི་དགོད་འཛུམ་འོག་ནས་འཁྲབ་སྟངས་ངན་པར་སྤྱན་གྱིས་མཐོང་།།

གསང་བའི་བར་ནས་ལྐོག་ལྟ་བྱེད་པར་ད་ནང་ཞོགས་པར་གཞི་ནས་མཐོང་།།

གསང་བའི་བར་གྱི་གསང་བ་འདི་དག་གསང་མི་ཐུབ་པར་གཞི་ནས་མཐོང་།།

བྱེ་ཐང་ནང་གི་ལྟད་མོ་འདི་དག་དོན་གྱིས་བལྟས་ན་འདི་འདྲ་རེད།།


༢༠༡༡་་་༧་་་༢༣ཉིན་རང་ཤག་ཏུ་བྲིས།