གཞུང་དང་བཀའ་ཁྲིའི་མིང་སྒྱུར་ལ་བསམ་བློ་གཏིང་ཟབ་གཏོང་རོགས།
བཀའ་ཁྲི་གསར་པའི་མཛད་སྒོ་སྐབས་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ནང། བཀའ་བློན་ཁྲི་པ་ལ་སྲིད་སྐྱོང་་་་་་ཞེས་པའི་མིང་ཚིག་གསར་པ་ཞིག་སྣོན་སོང། ད་ལྟའི་སྐབས་མིང་གི་བསྒྱུར་ཕྱོགས་ཁོ་ན་ལ་མགོ་རྨོངས་ནས་བསྡད་ཡོད།
བཙན་བྱོལ་བོད་གཞུང་འདི་འཛམ་གླིང་གི་རྒྱལ་ཁབ་གང་གིས་ཀྱང་ཁྲིམས་མཐུན་གྱི་བཙན་བྱོལ་བའི་གཞུང་ཞིག་དང་ཡང་ན་གཞུང་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་རུང། ལོ་མང་རིང་༧གོང་ས་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་འདི། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་རང་ཉིད་ཀྱི་གཞུང་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པས། ༧གོང་ས་མཆོག་གིས་བཀའ་འཁྲོལ་གནང་བའི་ཐོག་ནས་འདི་ལ་འགྱུར་ལྡོག་ཐེབས་ཀྱང་བོད་མི་ཚོས་དེ་བཞིན་ཁས་ལེན་ངེས་རེད། ཡིན་ནའང་ལས་ཀྱི་སྣེ་མོ་བ་དང་དབང་ལྡན་པ་ཚོས་མིང་སོགས་སྒྱུར་བཅོས་གཏོང་བའི་སྐབས་སུ་བསམ་བློ་ཞིབ་ཚགས་པོའི་ཐོག་ནས་གཏོང་དགོས་རྒྱུ་དེ་གལ་ཆེན་པོ་རེད། དཔེར་ན། ད་ལྟའི་སྐབས་བཀའ་བློན་ཁྲི་པ་ཟེར་བའི་མིང་ཚིག་རྙིང་པ་འདིར་སྲིད་སྐྱོང་བ་ཞེས་པའི་མིང་ཚིག་འདི་སླེབས་པ་རེད། སྤྱིར་སྲིད་སྐྱོང་ཞེས་པ་འདི་མིང་ཚིག་གསར་པ་ཞིག་མིན་ཡང། མང་གཙོ་ཀ་བ་གསུམ་གྱི་སྒྲོམ་གཞི་དང་ལས་དོན་བྱེད་ཕྱོགས། སྲིད་སྐྱོང་འོས་འདེམས་དང་ཁྲིམས་བཟོ་ལྷན་ཚོགས་ཀྱི་དབང་ཚད་སོགས། མང་གཙོའི་རྒྱལ་ཁབ་ཁག་གི་ཁྲིམས་ལུགས་དང་ལྟ་གྲུབ། ལམ་ལུགས་སོགས་གང་དང་ཕྱོགས་མཐུན་པ་དང་བོད་པ་རང་ཉིད་ལ་གང་འཚམས་པ་སོགས་ལ་གཞིག་ནས། སྲིད་སྐྱོང་དང་བཀའ་ཁྲི་ཡང་ན་སྲིད་འཛིན་སོགས་གང་འདོགས་དགོས་རྒྱུ་ཐུགས་བསམ་བཞེས་དགོས། དེ་མིན་དེ་རིང་སྲིད་སྐྱོང་ལབ་སང་ཉིན་མི་མང་གིས་ཅི་ཟེར་གྱི་འདུག་བསྐྱར་བཅོས་འཁྱེར་གྱི་ཡིན་ཟེར་བ་སོགས། ཕུགས་བརྟན་དང་ལམ་ལུགས་མེད་པ་ཞིག་གཏན་ནས་གནང་མི་རུང་བའི་སྐྱབས་འཇུག་ཞུ་གི་ཡོད།